འགྱུར་རོ། །​སོ་ན་བ་ལ་ཀ་ར་བཱི་རའི་སོ་ཤིང་ངམ་སྣ་མའི་སོ་ཤིང་ངམ་ཤིང་བ་ཀུའི་སོ་ཤིང་ལ་བཟླས་ཏེ་ཐོས་ན་སོ་ནད་ཞི་བར་འགྱུར་རོ། །​མཚམས་གཅད་པ་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྲད་བུ་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། སེང་ལྡེང་གི་ཕུར་པ་བཞི་ལ་བཏགས་ཏེ། ཕྱོགས་བཞིར་བཙུགས་ན། མཚམས་མེད་པོ་བཅད་པར་འགྱུར་རོ། །​གདོན་ཐམས་ཅད་ལ་ཚོན་སྣ་ལྔའི་སྲང་བུ་ལ། ལན་ཉི་ཤུ་རྩ་གཅིག་བཟླས་ན། གདོན་ཐམས་ཅད་དེ་ལས་ཐར་བར་འགྱུར་རོ། །​སྲོག་ཆགས་ཀཱི་ཊ་དང་། ལྷོག་པ་དང་། མགུལ་བ་འགགས་པ་ལ་སྦྲང་རྩི་དང་། པི་པི་ལིང་ལྡན་པར་བྱས་ཏེ་བྱུག་གོ། །​མགུལ་འགགས་པ་ལ་གདགས་པ་བྱས་ན་མགུལ་འགགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །​མིག་ནད་ལ་སྤོས་ཆུ་དང་ཤིང་པ་ལ་ཤའི་ཆུ་དང་པ་ལ་ཤའི་མེ་ཏོག་གིས་བཀྲུ་བར་བྱ་བའམ་ཤིང་མངར་གྱི་ཆུ་ལ་ལན་བདུན་བཟླས་ཏེ། བཀྲུས་ན་མིག་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །​རྣ་བ་ན་བ་ལ་ཏིལ་མར་དང་ཤུ་ཏི་ཟངས་ཀྱི་སྣོད་དུ་བཙོས་པས་རྣ་བ་བཀང་ན་རྣ་ནད་ལས་ཐར་བར་འགྱུར་རོ། །​འཐབ་པ་དང་རྩོད་པ་དང་ཁྲག་ཁྲུག་དང་། མི་སྙན་པ་ཐམས་ཅད་ལ་ཆུ་ལ་ལན་བདུན་བཟླས་ཏེ། གདོང་བཀྲུ་བ་བྱས་ན་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །​དཔུང་དང་སྟོབས་དང་ཡུལ་དང་ཡུལ་འཁོར་དང་། ཕྱིར་རྒོལ་བ་དང་མི་མཛའ་བ་ཐམས་ཅད་དང་། གཡུལ་ངོ་ཐམས་ཅད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་བུམ་པ་གང་བ་བཞི་བཞག་སྟེ། གཙང་མས་གོས་གཙང་མ་བགོས་ལ། ཨ་ག་རུའི་བདུག་པ་དབུལ་བར་བྱ་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོའི་མདོ་འདི་མཆོད་དེ། བཀླགས་པ་བྱས་ན་ཞི་བ་ཆེན་པོར་འགྱུར་ཏེ། ཐམས་ཅད་བྱམས་པའི་སེམས་དང་བྱམས་པའི་ཡིད་དུ་འགྱུར་ཞིང་། ཐམས་ཅད་དུ་རྒྱལ་བ་ཐོབ་པར་འགྱུར་རོ། །​ཞི་བ་ཆེན་པོར་འགྱུར་རོ། །​ཆུ་དེས་བདག་ཉིད་ལ་ཀུན་ཏུ་གཏོར་ཏེ། ཙནྡན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྙིང་གར་ཐིག་ལེ་བྱས་ཏེ། རྟག་ཏུ་དྲན་པར་བྱས་ན་མཚམས་མེད་པ་ཐམས་ཅད་ཟད་པར་འགྱུར་རོ། །​ཁྱིམ་ཐམས་ཅད་བསྲུང་ན། པདྨ་དང་། ན་ཀུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6624#UT22084-092-001-6624