འཕྲུལ་དང་ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་བཅས་པ་མཐོང་ངམ། དེ་བཞིན་གཤེགས་པ་ཚེ་དཔག་མེད་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། ཁང་པ་བརྩེགས་པ་ན་བཞུགས་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འཁོར་དང་བཅས་པ་མཐོང་ངམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་མེད་དེ་ཡང་། རིག་སྔགས་འཆད་དེ་ལ་དབུགས་འབྱིན་པར་མཛད་ཅིང་ལེགས་སོ་ཞེས་བགྱི་བ་ཡང་སྩོལ་བར་མཛད་དེ། ཀྱེ་སྐྱེས་བུ་དམ་པ་ཁྱོད་ཀྱིས་རིག་སྔགས་འཆང་གི་སྐྱེས་བུའི་བྱེད་པ་མང་དུ་བྱས་པ་དང་། ཁྱོད་ཀྱིས་དགེ་བའི་རྩ་བ་མང་དུ་བསྐྲུན་པ་དང་། ཁྱོད་ཀྱིས་ལྷག་པར་མང་དུ་བྱས་པ་དང་། ཁྱོད་ཀྱིས་བྱ་བ་གང་ཡིན་པ་བྱས་པ་དང་། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་རྣམ་པར་ཕྱེ་བའི་སྙིང་པོ་སྒྲུབ་པ་ནི་གྲུབ་ཟིན་ཏེ། ལེགས་སོ་ལེགས་སོ། །​ཁྱོད་རིག་སྔགས་འཆང་གི་སངས་རྒྱས་ཉིད་དུ་གྱུར་ཅིག །​ཁྱོད་འདི་ནས་མ་འོངས་པའི་མངལ་གྱི་སྐྱེ་བ་བླངས་ཏེ། ཚེ་བརྗེས་ནས་ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །​བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །​ཞེས་ཕྱག་གཡས་པ་སྤྱི་བོར་འཇོག་པར་འགྱུར། འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་སྩོལ་ཅིང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་སྟེ། འདི་ནི་དམ་པ་སྒྲུབ་པ་ཡིན་ནོ་ཞེས་བདག་གཉིད་སད་ནས་དགའ་བར་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་ཡོངས་སུ་དག་པར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲམ་ཟེའི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་འདོད་པ་ཐམས་ཅད་ཀྱི་མཆོག་སྩོལ་བར་འགྱུར་རོ། །​གཟུགས་ཀྱི་རི་མོ་དེ་ཡང་འབར་ཞིང་འོད་ཟེར་འབྱུང་བར་འགྱུར་རོ། །​ཡོན་ཏན་བརྒྱ་སྟོང་མང་པོ་གཞན་ཡང་འཐོབ་པར་འགྱུར་རོ། །​འཇིག་རྟེན་པའི་ཕུན་སུམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6462#UT22084-092-001-6462