དཔའ་སེང་གེའི་བརྩོན་འགྲུས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྲིན་མོའི་ཆ་ལུགས་ཀྱིས་འཇིག་རྟེན་པའི་དོན་མཛད་པའི་མཚན་གྱི་རྣམ་གྲངས་ཇི་ལྟ་བུ་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེ་བརྩོན་འགྲུས་ལ་དགོངས་ནས་དཔལ་ལྷ་མོ་ནག་མོ་ལ་གཟིགས་ཏེ་འདི་སྐད་ཅེས་གསུངས་སོ། །​ཐོས་བསམ་སྒོམ་ལ་ཆེར་གནས་པའི། །​རྒྱུ་འབྲས་རྐྱེན་གྱི་བདག་ཉིད་ཅན། །​འགྲོ་ལ་ཕན་མཛད་མཁས་པའི་མཆོག །དཔལ་ལྡན་ལྷ་མོ་ནག་མོ་འཕགས། །​བྱང་ཆུབ་སེམས་དཔའ་སྤྲུལ་པ་སྟེ། །​ས་ལྟར་བརྟན་པའི་གཞིར་གྱུར་པ། །​ཡོན་ཏན་སྡུད་བྱེད་ཆུ་དང་འདྲ། །​བྱང་ཆུབ་སྨིན་བྱེད་མེ་ལྟ་བུ། །​དགེ་བའི་འདུ་བྱེད་རླུང་ལྟར་གཡོ། །​ཤེས་རབ་རྣམ་དག་ནམ་མཁའ་སྟེ། །​ཁྱོད་ནི་འབྱུང་བ་ཆེན་པོ་འདྲ། །​འབྱུང་པོ་ཕལ་ཆེན་རྣམས་ཀྱིས་བསྟོད། །​བསོད་ནམས་ཡེ་ཤེས་རབ་བསགས་པའི། །​ལས་དང་རྣམ་སྨིན་དག་ལ་མཁས། །​ང་རྒྱལ་གཟུགས་ཀྱིས་འདུལ་བ་གོམས། །​ཤེས་རབ་སྙིང་རྗེའི་ལམ་དུ་འགྲོ། །​ཁྱོད་ནི་བུམ་པ་བཟང་ལྟ་བུ། །དཔེར་ན་ཡིད་བཞིན་ནོར་བུའི་ཆུ། །​ཀུན་ལ་ཕན་པའི་དཔག་བསམ་ཤིང་། །​ཉི་མ་འདྲ་བར་ཁྱོད་ལ་གསལ། །​ཟླ་ལྟར་གསལ་བའི་ཐུགས་མངའ་ཞིང་། །​མིང་ནི་རི་བོང་རྭ་དང་འདྲ། །​རང་གི་རྒྱུད་ནི་འཁོར་ལོ་འདྲ། །​ཨུ་དུམ་བཱར་ལྟར་ཁྱོད་དཀོན་ཡང་། །​བདུད་རྩི་ལྟ་བུར་ཡོངས་ཚིམ་མཛད། །​འགྲོ་བ་ཀུན་གྱི་བདག་མོ་ལགས། །​རང་བཞིན་མེད་པའི་ཆོས་ཀྱང་སྟོན། །​ཆུ་དང་ནམ་མཁའི་ཚུབ་མ་ལྟར། །​གདུལ་བྱའི་སྲིད་གསུམ་ཅིས་ཀྱང་འདུལ། །​དུས་གསུམ་རྒྱལ་བའི་བསྟན་པ་སྐྱོང་། །​དམ་པ་རྣམས་དང་ཡང་དག་གཅིག །​དམ་པ་རྣམས་ཀྱི་ལམ་དུ་འགྲོ། །​ལྷ་མོ་མ་མོ་གནོད་སྦྱིན་མོ། །​སྲིན་མོ་ཀླུ་མོ་ཤ་ཟ་མོ། །​གདུག་མོ་འབྱུང་མོ་གྲུལ་བུམ་མོ། །​དྲག་མོ་རྔམ་ཚུལ་གློག་འགྱུ་མ། །​རླུང་མོ་ནག་མོ་འཇིགས་བྱེད་མ། །​མཁའ་འགྲོ་གཏུམ་མོ་ཞིང་སྒྲོལ་མ། །​ཞི་རྒྱས་དབང་དང་དྲག་པོས་འདུལ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh672/UT22084-091-069-388#UT22084-091-069-388