བླ་རྡོ་དམ་རྫས་རྣམས། །​སྤོས་ཆུས་བཀྲུ་ཞིང་སྔགས་འདི་བཟླས། །​ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སོས་སོས་སྭཱ་ཧཱ། དེ་སྐད་བྱས་ལ་གནས་སུ་ནི། །​མགོན་པོའི་གཟུགས་ཀྱང་སྤོས་ཆུས་བཀྲུ། །​གྲུ་གསུམ་དབུས་སུ་བླངས་བྱས་ལ། །​དགྲ་བོའི་མིང་རུས་སྙིང་གར་གཞུག །​ཞག་བདུན་བསྒྲུབས་ལ་དགྲ་ལ་བསྐྱལ། །​ཨ་མུ་ཀ་ནི་མྱུར་དུ་བརླག །​དཔལ་མགོན་པོ་ནག་པོའི་རྒྱུད་ལས་མ་གྲུབ་ན་སྤོགས་པའི་ཆོ་ག་དང་གསོ་བའི་ལེའུ་སྟེ་ལྔ་པའོ།​། །​།དེ་ནས་ཡང་དག་བཤད་བྱ་བ། །བྱ་ནག་འཕུར་ཞིང་ལྡིང་བ་དང་། །​མོན་པ་ཨ་ཙ་ར་དང་ནི། །​དགེ་བཤེས་བནྡེ་སློབ་དཔོན་དང་། །​འོད་དང་སྒྲ་དང་ཁང་པ་འཚེག །​མགོན་པོའི་སྐུ་དག་དངོས་སུ་མཐོང་། །​དགྲ་ལ་དམག་དྲངས་སེམས་ཅན་བསད། །​མི་ནག་བདག་ལ་སྙིང་སྟོབས་དང་། །མཛེ་པོ་དང་ནི་སྤྲང་པོ་དང་། །​བྱ་ནག་ཐང་ལ་ལྷུང་བ་འབྱུང་། །​དཔལ་མགོན་པོ་ནག་པོ་ནག་པོའི་རྒྱུད་ལས་རྟགས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ།​། །​།དེ་ནས་ཡང་དག་བཤད་བྱ་བ། །​སེར་བ་དབབ་པའི་ལས་བྱ་ན། །​མོན་ནམ་མཛེ་ཅན་ཐོད་པ་རུ། །འཁོར་ལོ་རྩིབས་བཞི་བྲིས་ནས་ཀྱང་། །​རིགས་ལྔ་ཀླུ་ཡི་ས་བོན་དགོད། །​རྩིབས་ཆེན་སེར་སྲུང་མིང་རུས་དང་། །​ཡུལ་དུ་ཕོབ་ཅིས་བྱ་བ་བྲིས། །​དེ་མཐར་འཁོར་ལོ་རྩིབས་དགུ་ལ། །​དྲེགས་པའི་སྔགས་དག་བྲི་བར་བྱ། །​རྒྱབ་ཏུ་གང་ཡིན་ཡུལ་མིང་དང་། །​རླུང་གི་སྙིང་པོ་བྲི་བར་བྱ། །​བདག་ཉིད་པདྨ་ཁྲོས་པར་བསྒོམ། །​གསང་སྔགས་འདི་ཡིས་གནད་ལ་བོར། །​ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱྃ་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ནཱ་ག་སྙིང་གཟིར། ཕུ་ཧུར་ཐུམ་ཛ་ཁྲོ་ཤར་ཧྲིལ་བྷྱོ། །​དེ་སྐད་ཅེས་ནི་རབ་བརྗོད་ལ། །​ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །​ཁྲག་དང་དུག་གིས་ཐོད་པར་བྲབ། །​ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན། །​དགྲ་ཡི་ཡུལ་དུ་དབབ་པར་བྱ། །​གལ་ཏེ་འཇིག་རྟེན་ཕུང་བའོ། །​དཔལ་མགོན་པོ་ནག་པོའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བདུན་པའོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh667/UT22084-091-064-250#UT22084-091-064-250