ཡངས་པའི་གྲོང་ཁྱེར་ག་ལ་བ་དེར་འདོང་ངོ་། །​བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །​དེ་ནས་བཅོམ་ལྡན་འདས་ཡུལ་བྲི་ཛིར་ཡུལ་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས་ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲོས་ཤིག །​བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །​སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །​མུཉྩ་ཏ། མུཉྩ་ཏ། མུཉྩ་ཏ། མུཉྩ་ཏ། མ་འདུག་ཅིག །​ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །​ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ། གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh628/UT22084-072-012-229#UT22084-072-012-229