རྒྱ་མཚོའི་ནང་དུ་མཆོད་སྤྲོ་ཡི། །​བདག་འདིར་འདོད་པ་རྣམས་ཀྱིས་ཡིད་དགའ་དེ་ལྟ་མིན། །​རྒྱལ་པོ་དམ་པ་རང་གཉེན་ཐབས་ཅིག་མྱུར་དུ་བཞུད། །​ཡུལ་འཁོར་དགའ་བ་ཐམས་ཅད་འཇིག་རྟེན་ཀུན་ལ་སྩོལ། །​གང་དག་བསམ་པ་ཇི་བཞིན་བླངས་ནས་མཆི་བར་འགྱུར། །​ཡབ་བདག་བག་མེད་རྒྱལ་སྲིད་བྱེ་བ་འཚལ་མ་ལགས། །​བུད་མེད་ཚོགས་ཀྱི་ནང་དུ་གནས་པས་བྱང་ཆུབ་དང་། །​གྲུབ་བདེ་ཞི་བ་བླ་མེད་གནས་ནི་ཐོབ་མི་ནུས། །​དགོན་པར་དགྱེས་པས་རྒྱལ་བས་བྱང་ཆུབ་བརྙེས་པས་ན། །​བདག་ནི་རི་དང་ནགས་ཁྲོད་མཆིས་ཏེ་གནས་པར་བགྱི། །​ཡུལ་འཁོར་སྐྱོང་དེ་ནས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ཁང་བཟངས་ཀྱི་ནང་ན་འདུག་བཞིན་དུ་ཡིད་བྱུང་བ་དང་ལྡན་པའི་སེམས་ཀྱིས་བུད་མེད་དེ་དག་དང་ལྷན་ཅིག་འཆག་ཅིང་དེ་སྤྱོད་ལམ་གསུམ་གྱིས་གནས་སོ། །​གསུམ་གང་ཞེ་ན། འདི་ལྟ་སྟེ། འགྲེང་བ་དང་། འགྲོ་བ་དང་། འདུག་པ་སྟེ། རྨུགས་པ་དང་གཉིད་ཡོངས་སུ་སྤངས་སོ། །​ཁང་པའི་སྟེང་དུ་སོང་སྟེ་ས་བརྒྱད་ལ་གནས་ནས་དེ་ནམ་གྱི་གུང་ལ་བབ་པའི་དུས་ཀྱི་ཚེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་སངས་རྒྱས་ཀྱི་བསྔགས་པ་རྒྱ་ཆེར་བརྗོད་ཅིང་བར་སྣང་ལ་འགྲོ་བ་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་རྒྱ་ཆེར་བརྗོད་ཅིང་འགྲོ་བ་ཐོས་སོ། །​ཐོས་ནས་ཀྱང་ཡུལ་འཁོར་སྐྱོང་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་མཆི་མ་ཟག་ཅིང་སྐྱོ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས་ལྷ་རྣམས་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷ་རྣམས་སྡུག་བསྔལ་བདག་ལ་ཐུགས་རྗེ་བསྐྱེད་ནས་ནི། །​གལ་ཏེ་སྐྱོ་མི་མཛད་ན་ཅུང་ཞིག་ཞུ་བར་བགྱི། །​སུ་ཡི་ཡོན་ཏན་བརྗོད་ཅིང་བར་སྣང་འདི་ལས་བཞུད། །​ཚིག་དེ་ཐོས་ནས་བདག་འདིར་ཡིད་ནི་བདེ་བར་གྱུར། །​ཡུལ་འཁོར་སྐྱོང་དེ་ནས་ལྷ་དེ་དག་གིས་རྒྱལ་བུ་གཞོན་ནུ་བསོད་ནམས་ཀྱི་འོད་ཟེར་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་སངས་རྒྱས་ཐོས་པར་མ་གྱུར་ཏམ། །​དོན་གྲུབ་བློ་ཞེས་བྱ་སྟེ་སྐྱབས་མེད་རྣམས་ཀྱི་སྐྱབས། །​དེ་བཞིན་སྤྱོད་མཁས་བསོད་ནམས་ཤེས་རབ་ཡོན་ཏན་མཆོག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh62/UT22084-042-003-321900#UT22084-042-003-321900