ཁྱོད་སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ། །​ཡུལ་འཁོར་སྐྱོང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །​བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། །​ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཡོངས་སུ་དག་པ་འདི་དག་འཐོབ་བོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དང་ལྷག་པའི་བསམ་པས་ནན་ཏན་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སྟོང་པ་ཉིད་སྒོམ་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་སྟེ་ཡུལ་འཁོར་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡོངས་སུ་དག་པ་འདི་དག་འཐོབ་བོ། །​འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །​བསམ་པ་ཐག་པས་རྟག་ཏུ་མངོན་བརྩོན་པ། །​བྱང་ཆུབ་ལམ་ལས་མི་ལྡོག་ཡིད་ལྡན་པ། །​གཡོ་མེད་ཐ་བ་མེད་ཅིང་སྒྱུ་མེད་པ། །​ཡེ་ཤེས་མཐའ་ཡས་ལྡན་ལ་དེ་དག་ཡོད། །​སྐྱེ་དང་ན་དང་རྒ་དང་འཆིས་གཟིར་བ། །​སེམས་ཅན་མགོན་མེད་སྡུག་བསྔལ་མཐོང་ནས་ནི། །​སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བའི་ཕྱིར། །​དེ་དག་ཆོས་ཀྱི་གྲུ་ནི་ཡང་དག་སྦྱོར། །​དེས་པ་སེམས་ཅན་ཀུན་ལ་སེམས་མཉམ་པ། །​བུ་གཅིག་པ་བཞིན་འགྲོ་བ་རྣམས་ལ་ལྟ། །​འདི་དག་ཐམས་ཅད་བདག་གིས་དགྲོལ་ལོ་ཞེས། །​གང་ཟག་མཆོག་གི་བསམ་པ་དེ་འདྲའོ། །​སྟོང་ཉིད་རྟག་ཏུ་རྟོགས་པར་ཁོང་དུ་ཆུད། །​བདག་ཡོད་མ་ཡིན་སེམས་ཅན་ཡོད་མ་ཡིན། །​འདུས་བྱས་སྒྱུ་མ་རྨི་ལམ་འདྲ་བ་ལ། །​བྱིས་པ་མི་མཁས་འདི་ལ་རྣམ་པར་རྨོངས། །​མཁས་པ་དེ་དག་ཇི་སྐད་ཚིག་སྨྲས་པ། །​དེ་ལ་ནན་ཏན་བྱེད་ཅིང་ཀུན་ཏུ་གནས། །​དུལ་ཞིང་ཞི་ལ་རྟག་ཏུ་སྐྱོན་རྣམས་སྤངས། །​རྒྱལ་བའི་སྲས་རྣམས་བྱང་ཆུབ་ལམ་ལ་དགའ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh62/UT22084-042-003-321866#UT22084-042-003-321866