ཡོངས་སུ་བཟླས་པ་ནི་ངའི་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ངས་ཚེ་རབས་སྔ་མ་ལ་ལྷས་བྱིན་ཡོངས་སུ་བཟླ་བར་དམ་བཅས་པས་ངས་ཁྱོད་ཡོངས་སུ་བཟླ་བར་བྱའི་གཞན་གྱིས་བཟླ་བར་བྱ་བ་མེད་དོ་ཞེས་སྨྲས་པས་སོ། །​མཽད་གལ་ལྷས་བྱིན་ནི་ང་འབའ་ཤིག་ལས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་བསྐྱེད་པ་ཡིན་གྱི། གཞན་ལས་བསྐྱེད་པ་མ་ཡིན་པས་ལྷས་བྱིན་ནི་དེང་ཕྱིན་ཆད་ཀྱང་གཞན་ལས་དགེ་བའི་རྩ་བ་སྐྱེད་པར་མི་བྱེད་ཀྱི། ང་འབའ་ཤིག་ལ་ཡོངས་སུ་དང་བའི་སེམས་སྐྱེད་པར་བྱེད་དོ། །​སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སྨྲས་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་ན་ཕྱིས་ཀྱང་རང་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་བ་ཡིན་ནོ། །​མཽད་གལ་ང་ནི་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས་གང་མགོན་མེད་ཅིང་སྐྱབས་མེད་པ། རྒུད་ཅིང་ནོར་དང་མི་ལྡན་པ། འཁོར་བར་ཡང་དང་ཡང་ཁ་བརྒྱུད་ཅིང་ལམ་ངན་པར་ཞུགས་པ། གླེན་ཞིང་གཏི་མུག་པས་ཤེས་པ་མེད་པ། རྟག་པར་དམུས་ལོང་དུ་གྱུར་ཅིང་མིག་དང་མི་ལྡན་པ་དག་སུ་ཞིག་བདག་ཅག་གི་འདྲེན་པར་འགྱུར། སུ་ཞིག་མགོན་དང་སྐྱབས་བྱེད་པར་འགྱུར་སྙམ་དུ་སེམས་པ་དག་ལ་ང་གཅིག་པུས་སྙིང་བརྩེ་བས་མགོན་དང་སྐྱབས་བྱ་བར་དམ་བཅས་པས་ན། མཽད་གལ་ངས་དེ་རྗེས་སུ་དྲན་པའི་ཕྱིར་སེམས་ཅན་གང་ལ་ལ་ཞིག་ངག་རྩུབ་པོས་ང་ལ་མི་སྙན་པ་རྗོད་ཀྱང་ངས་སླར་ལན་མི་བྱེད་དོ། །​ཚིག་ན་བས་ང་ལ་སྤྱོས་ཀྱང་ངས་སླར་ལན་མི་བྱེད་དོ། །​ཁྲོས་སམ་བརྡེགས་ཀྱང་རུང་སྟེ། ནམ་ཡང་ངས་ལན་མི་བྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ང་ནི་རྟག་པར་སེམས་ཅན་ཐམས་ཅད་ལ་ངེས་པའི་བདེ་བ་སྦྱིན་ཞིང་སྡུག་བསྔལ་གྱི་མི་བདེ་བ་ཐམས་ཅད་ཡོངས་སུ་བསལ་བར་བྱ་བའི་རིགས་ཀྱི། ངས་དེ་དག་ལ་གནོད་པ་རྣམས་སྦྱིན་པའི་མི་རིགས་པས་སོ། །​སེམས་ཅན་རྣམས་ལས་སུ་ཞིག་བཟོད་པར་ནུས་པ་ཡིན་ཞེ་ན། དེ་ནི་ང་གཅིག་པུ་ཁོ་ནས་བཟོད་པར་ནུས་པ་ཡིན་པས་ངས་དེང་སེམས་ཅན་བཟོད་པའི་ཆོས་དང་། ཤིན་ཏུ་ཉེ་བར་ཞི་བའི་ཆོས་དང་། རབ་ཏུ་དུལ་བའི་ཆོས་བསླབས་ནས་གླང་པོ་ཆེ་ཅང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61/UT22084-042-002-852#UT22084-042-002-852