དེའི་ཚེ་ད་མ་ཤི་རི་དང་། དྲན་པ་ཐོབ་པ་དང་། ཡ་ཤའི་དགེ་སློང་གི་ཚོགས་རྣམས་གཅིག་ཏུ་འདུས་ནས་རབ་ཏུ་འདྲེན་པའི་ཐད་དུ་འོངས་ཏེ། དེའི་བསྟན་པ་དག་གཞིག་ཅིང་སྐུར་པ་བཏབ་པར་བཤམས་སོ། །​དེ་ནས་དེའི་ཚེ་དགེ་སློང་རབ་ཏུ་འདྲེན་པས་དགེ་སློང་མང་པོ་འོངས་པར་རིག་ནས་འདི་སྐད་དུ་ཀྱེ་དགེ་སློང་མང་པོ་ཁྱེད་དངོས་པོ་ཅི་ཞིག་གིས་ནི་རྒོལ་བར་སེམས། དངོས་པོ་གང་ཞིག་ནི་འདྲི་བར་སེམས་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་དེ་སྐད་སྨྲས་པ་ཐོས་ནས་མྱ་ངན་གྱིས་ནོན་ཅིང་མི་བདེ་བར་གྱུར་པས་ཅང་མི་ཟེར་བར་གྱུར་ཏེ། དགེ་སློང་རབ་ཏུ་འདྲེན་པ་ལ་བགེགས་བྱ་བར་ཡང་མ་ནུས་སོ། །​གང་པོ་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་འཇིག་རྟེན་ན་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡང་རྒྱས་ཤིང་རབ་ཏུ་འཕེལ་བར་གྱུར་ཏོ། །​དེ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །​དགེ་སློང་རབ་ཏུ་འདྲེན་པ་དེ་མ་འོངས་པའི་དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་མང་པོའི་ཆེད་དུ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་མདོ་སྡེ་ཟབ་མོ་ཡང་དག་པར་བསྟན་པས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་འཆི་བའི་དུས་བྱས་པའི་འོག་ཏུ་ཐམས་ཅད་ཀྱང་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །​གང་པོ་དགེ་སློང་རབ་ཏུ་འདྲེན་པས་དེ་ལྟར་ཕན་པ་བྱས་ནས་དེ་གང་གི་ནུབ་མོ་འཆི་བའི་དུས་བྱས་པ་དེའི་ཕྱི་དེ་ཉིན་པར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །​གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ནུབ་པར་གྱུར་པའི་ཕྱིར་མདོ་སྡེ་ཟབ་མོ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་ཆོས་རྣམས་ཀྱང་ནུབ་པར་གྱུར་ཏོ། །​གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མདོ་སྡེ་ཟབ་མོ་དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བདག་ཉིད་ཀྱི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱང་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61/UT22084-042-002-828#UT22084-042-002-828