བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་རྟག་པར་ཆོས་བཞི་པོ་འདི་དག་ལ་བསྟེན་ཅིང་གོམས་པར་བྱས་ན་དགེ་བའི་ཆོས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་ཡོངས་སུ་སྡུད་པར་འགྱུར་ལ། དགེ་བའི་རྩ་བ་ཐམས་ཅད་དང་ཡང་རབ་ཏུ་ལྡན་པར་འགྱུར་རོ། །​བཞི་གང་ཞེ་ན། གང་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཐེག་པ་ཆེན་པོར་སེམས་བསྐྱེད་པས་བཟོད་པ་སྒྲུབ་པའི་ཆོས་ལ་བསྟེན་ཅིང་བསྒོམ་པར་བྱའོ། །​དེ་ལྟར་བཟོད་པའི་ཆོས་སྒོམ་པ་ན་གལ་ཏེ་སེམས་མཉམ་པར་གྱུར་ན་ཤིན་ཏུ་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་ཐོབ་པར་འགྱུར་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་སེམས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་པ་ན། གལ་ཏེ་འགྲོའམ། འགྲེང་ངམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེ་ཡང་རུང་སྟེ། གཅིན་གྱི་བུམ་པའམ། དུག་གི་བུམ་པའམ། ཁུ་ཚན་གྱི་བུམ་པའམ། ཕྱག་དར་རྣམས་སམ། མེ་དང་ཐལ་བའམ། བཤང་གཅི་འམ། ཐལ་བ་ཚ་བ་ཐོགས་པ་ཞིག་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀྱི་ཡན་ལག་ཀུན་དུ་བརྡུངས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ཞེ་སྡང་དང་འཁོན་གྱི་བསམ་པ་བསྐྱེད་ནས་སེམས་རྣམ་པར་གཡེང་ཞིང་ཁོང་ཁྲོ་བ་བསྐྱེད་པར་ཡང་མི་བྱའོ། །​འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །​གཞན་ཡང་ངན་སེམས་ཀྱིས་དེ་ལ་བལྟ་བར་མི་བྱའོ། །​སེམས་རྩེ་གཅིག་ཏུ་རང་གི་ཆོས་དོན་དུ་གཉེར་ཞིང་གང་བསྒྲུབ་པར་བྱ་བའི་དངོས་པོ་སེམས་རྩེ་གཅིག་ཏུ་མི་སྤོང་བ་དེ་ལྟར་སེམས་ཡོངས་སུ་གདུལ་བར་བྱའོ། །​གང་ཟག་དེས་རྒྱུ་དང་རྐྱེན་གང་གི་ཕྱིར་གཅིན་གྱི་བུམ་པ་དང་། དུག་གི་བུམ་པ་དང་། ཐལ་བ་དང་། མེ་དག་ཐོགས་ཏེ་འོངས་ནས་བདག་གི་ལུས་ལ་གནོད་པར་བྱེད་པ་ན་བདག་གི་ལུས་ནི་དངོས་པོ་འདི་དག་གི་རྒྱུ་དང་རྐྱེན་གྱིས་ན་བ་དང་། གནོད་པར་མི་འགྱུར་རོ། །​ཞེས་བྱང་ཆུབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61/UT22084-042-002-806#UT22084-042-002-806