ཐུགས་སུ་ཆུད་པའི་ཆོས་རྣམས་སེམས་ཅན་ལ་མངོན་པར་ཞེན་པ་མེད་པ་དང་། རབ་ཏུ་དབེན་པ་དང་། སྤྲོས་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་ཅིང་འབྱུང་བ་མེད་པ་ཉིད་བསྟན་པ་ཡིན་ནོ། །​གླང་པོ་ཆེའི་ལག་གང་གིས་དེ་ལྟར་ངས་བསྟན་པའི་ཆོས་ཀྱི་དོན་ཤེས་པ་དེས་ཅི་ཡོད་པ་དང་མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་སློང་བར་མི་བྱེད་དོ། །​གང་གིས་ཡོད་པ་དང་། མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་མི་སློང་བ་དེས་ཇི་ལྟར་སེམས་ཅན་ཡོད་པ་དང་སེམས་ཅན་མེད་པར་མཐོང་བར་འགྱུར་ཏེ། གླང་པོ་ཆེའི་ལག་འདི་ནི་རྟག་པར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་གནས་པ་ཞེས་བྱ་སྟེ། འདི་ལ་ནི་རྗེས་སུ་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་མེད། དྲི་མ་ཡང་མེད། ཡོངས་སུ་དག་པ་ཡང་མེད། འོང་བ་ཡང་མེད། འགྲོ་བ་ཡང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུ་ཡང་མེད། རིང་པོ་ཡང་མེད། ཐུང་ངུ་ཡང་མེད། གྲུ་བཞི་ཡང་མེད། ཟླུམ་པོ་ཡང་མེད། དབྱིབས་ཀྱང་མེད། ཁ་དོག་ཀྱང་མེད་པས་དེའི་ཕྱིར་ཆོས་རྣམས་ནི་སྒོ་གཅིག་ཁོ་ན་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཞེས་བསྟན་པ་ཡིན་ནོ། །​གླང་པོ་ཆེའི་ལག་འདི་ནི་ཆོས་ཀྱི་སྒོ་མཐོང་བ་ཞེས་བྱ་སྟེ། གང་གིས་ཆོས་མཐོང་བའི་སྒོར་ཞུགས་པ་འདི་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། །​གླང་པོ་ཆེའི་ལག་འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་ཅི་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བའི་འགག་པའི་མཚན་ཉིད་ཅིག་ཡིན་སྙམ་མམ་། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །​འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་གྱུར་པའི་ཆོས་དེའི་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བའི་སྐྱེ་བའི་མཚན་ཉིད་ཅིག་ཡིན་སྙམ་མམ་། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །​གླང་པོ་ཆེའི་ལག་གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པ་ནི་འགག་པ་ཞེས་མི་བྱའོ། །​བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ། །​གླང་པོ་ཆེའི་ལག་དེ་གལ་ཏེ་འདི་སྐད་དུ་སྐུའི་མཚན་དང་ལྡན་པས་བདག་དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་པར་ཞུགས་ནས་སླར་ལྡོག་པར་མི་འགྱུར་རོ་ཞེས་སྨྲས་པ་ཡང་སྐུའི་མཚན་ཉིད་ཕྱིར་མི་ལྡོག་པར་མཐོང་བའི་ཕྱིར་དེ་བཞིན་གཤེགས་པ་འགགས་པ་ཞེས་བྱའོ་ཞེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61/UT22084-042-002-866#UT22084-042-002-866