བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །​གཟི་བརྗིད་བཅིང་བར་བགྱིའོ། །​གཞན་གྱི་རིག་སྔགས་བཅིང་བར་བགྱིའོ། །​ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བེ་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི་བཾ་དྷ་བཾ་དྷ་ནི། བཛྲ་པཱ་ཎི་ཕཊ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ་དྲཱུྃ་བནྡྷ་ཕཊ་མ་མ་རཀྵ་རཀྵ་སྭཱ་ཧཱ། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་གྲོ་ག་འམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ། མགུལ་དུ་ཐོགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །​གདོན་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །​རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བས་དགའ་བར་འགྱུར་རོ། །​བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་ཚེ་རབས་དྲན་པར་འགྱུར་རོ། །​ནམ་དུ་ཡང་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །​མི་དབུལ་པོར་མི་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །​དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །​ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །​མི་གཙང་བ་ཡང་གཙང་བར་འགྱུར་རོ། །​བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh592/UT22084-090-036-315#UT22084-090-036-315