གཉིས་ཀྱི་ཚིགས་གསུམ་བསྐུམ་པར་བྱས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་ཕྱག་རྒྱའོ། །​ཨོཾ་ཡ་མཱནྟ་ཀཱ་ཡ་ཧཱུྃ། དེ་ལྟར་རང་རང་གི་སྔགས་དང་། ཕྱག་རྒྱ་བཀུག་ལ་ཡང་དག་པར་བརྗོད་དེ། ཕྱིས་ནི་རིག་སྔགས་འཆང་བས་ཁམ་སྐྱོང་སར་པ་འོ་མས་བཀང་བ་སྔགས་དང་བཅས་པས་བཟུང་སྟེ། སྐེ་མན་ཆད་ཆུའི་ནང་དུ་བཅུག་ལ་འོད་ཟེར་ཅན་གྱི་བསྙེན་པ་དང་བཅས་པའི་ང་རྒྱལ་གྱིས། སྔོན་དུ་གསུངས་པའི་གསང་སྔགས་ཀྱིས་ཀླུ་རྣམས་བསྐུལ་ཞིང་བཟླས་པ་བྱའོ། །​དེ་ནས་མཉམ་པར་གཞག་པའི་སྔགས་པས་ཕྱིར་སོང་ནས་ལྷའི་ཁང་པར་ཞུགས་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་སྔོན་དུ་གསུངས་པའི་ཐབ་ཁུང་དུ་ཅི་ལྟ་བུའི་ཆོ་གས་མེ་ལ་སྐེ་ཚེ་དང་། རྒྱམ་ཚྭ་དང་། རྟ་གསོད་ཀྱི་མེ་ཏོག་དང་བཅས་པའི་ཚ་བའི་མར་ནག་དང་སྦགས་ཏེ་སྦྱིན་སྲེག་བྱའོ། །​དེ་ནས་ཀླུ་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །​ཡང་ན་སྔགས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ་ནམ་མཁའི་དབུས་སུ་ངེས་པར་མཱྃ་ལས་སྐྱེས་པའི་འོད་ཟེར་ཅན་གསེར་མདོག་དང་ལྡན་པའི་གཞོན་ནུ་མའི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་སྔོན་པོ་དང་བཅས་པ། སྣ་ཚོགས་པའི་ཤང་འགག་དང་སྟོད་གཡོགས་ཅན་སྔོན་དུ་བསྟན་པའི་མཚན་མའི་ཕྱག་རྒྱ་དང་ལྡན་པ། ཕྱག་དྲུག་པ། པདྨ་ཁ་ཕྱེ་བ་ལྟ་བུའི་ཞལ། བནྡུ་ཛ་མའི་མེ་ཏོག་ལྟ་བུའི་མཆུ། ཨུཏྤ་ལ་སྔོན་པོ་ལྟ་བུའི་སྤྱན། མཆོད་རྟེན་དབུ་ལ་བརྒྱན་པའི་མགོ་སྐྱེས་ཅན། རྒྱབ་ཏུ་ཟླ་བ་དང་མཆོད་རྟེན་གྱི་སྐེ་བ་ལས་སྐྱེས་པའི་ཤིང་མྱ་ངན་མེད་ཀྱི་སྡོང་པོའི་མེ་ཏོག་གི་རྣམ་པས་ཉེ་བར་བརྒྱན་པ། གསེར་གྱི་མདོག་ལྟ་བུའི་ཕག་པ་ལ་ཞོན་པ། ཕག་པའི་དབུས་སུ་ཕྱག་རྒྱས་བཅིངས་ལ། སྔགས་བཟླས་ཤིང་ལྷ་མོ་བསྒོམ་པར་བྱས་ན་དགྲའི་དཔུང་གི་ནང་དུ་ལྷ་མོ་འགྲོ་ཡང་བལྟར་མེད་དོ། །​གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །​ཨོཾ་མཱ་རཱི་ཙྱཻ་བཏྟྭ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱཾ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh566/UT22084-090-010-631#UT22084-090-010-631