འགྲོ་བ་ཞེས་བྱ་བ་ན། ཚོང་དཔོན་མཛོད་སྟོབས་ཅན་གྱི་བུ་རིག་པ་སྨྲ་བར་གྱུར་ཏོ། །​དེའི་རིག་པའི་སྟོབས་དེས་ཀླུའི་རྒྱལ་པོ་འཇོག་པོ་བཀུག་གོ། །​བཀུག་ནས་ཀྱང་བག་མེད་པའི་དབང་གིས་མ་བཅིངས་པས་དེས་ཁྲོས་ནས་དེ་ལ་བཟུང་བ་དང་། དེ་ཚོར་བ་མི་བཟད་པ་མྱོང་ནས་ཇི་ལྟར་ཡང་བདག་ནི་སྲོག་དང་བྲལ་ལོ་སྙམ་དུ་ཤེས་སོ། །​དེ་ནས་སྨྲ་བ་ཅན་མང་པོ་བོས་ཀྱང་འགའ་ཙམ་གྱིས་ཀྱང་དུག་ལས་གསོ་བར་མ་ནུས་སོ། །​དེ་ནས་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བ་ན་དགེ་བསྙེན་མ་དྲི་མ་མེད་པར་དག་པ་ཞེས་བྱ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་གནས་པ་དེས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཁ་ཏོན་དུ་ཤེས་སོ། །​དེ་དེའི་གནས་སུ་སོང་སྟེ་ཕྱིན་པ་དང་། རིག་པ་ཆེན་མོ་འདི་བརྗོད་དོ། །​དེས་དེ་ལ་ལན་ཅིག་བརྗོད་པ་ཙམ་གྱིས་དེ་དུག་མེད་པར་བྱས་ཤིང་དེ་དྲན་པ་རྙེད་པར་བྱས་ཏེ། སྡུག་བསྔལ་ཆེན་པོ་དེ་ལས་ཡོངས་སུ་ཐར་བར་བྱས་ནས་རིག་པ་ཆེན་མོའི་སྙིང་པོ་འདི་ཆོ་ག་ཅི་ལྟར་བཀའ་སྩལ་པ་བཞིན་དུ་ཚོང་དཔོན་གྱི་བུ་དེའི་སྙིང་ལ་གནས་པར་བྱས་སོ། །​བྲམ་ཟེ་ཆེན་པོ་གཞན་ཡང་ཅི་ལྟར་ཡོངས་སུ་ཤེས་ཞེ་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བའི་གྲངས་སུ་ཆུད་པ་ཞིག་གྲོང་ཁྱེར་ཆེན་པོ་བ་རཱ་རཱ་ཎ་སཱི་ན་སྔོན་ཡོངས་སུ་རྒྱུ་བའི་ཚེ། དེའི་ཤར་ཕྱོགས་ཀྱི་མཚམས་ཀྱི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་ཆེན་པོ་བ་རཱ་རཱ་ཎ་སཱི་ཀུན་ནས་བསྐོར་ཏེ། གཞོམ་པར་བཤམས་སོ། །​དེ་ནས་རྒྱལ་པོ་ཚངས་པས་བྱིན་དེ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཕ་རོལ་གྱི་དམག་ཚོགས་ཀྱིས་གྲོང་ཁྱེར་འཕྲོག་ལ་ཐུག་ན་ཐབས་གང་གིས་ཕ་རོལ་གྱི་དམག་ཚོགས་གཞོམ་པར་བགྱི། བཀའ་སྩལ་དུ་གསོལ་ཞེས་བྱས་པ་དང་རྒྱལ་པོས་ཁྱེད་འཚེར་འགྲིབ་ཆུང་ངུར་གྱིས་ཤིག །​རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་ཡོད་དེ། ངས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ཕམ་པར་བྱའོ། །​ཐལ་བ་བཞིན་དུ་བྱའོ་ཞེས་བསྒོ་བ་དང་། བློན་པོ་རྣམས་ཀྱིས་མགོ་བཏུད་དེ་རྒྱལ་པོ་ཆེན་པོ་སྔོན་བདག་ཅག་གིས་ནམ་ཡང་མ་ཐོས་པ་འདི་ཅི་ཞིག་ལགས་ཞེས་སྨྲས་པ་དང་། རྒྱལ་པོས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561/UT22084-090-005-671#UT22084-090-005-671