རྒྱལ་པོ་མར་མེའི་བདག་པོ་བློན་པོ་དག་དང་འགྲོགས་ཏེ། བཅོམ་ལྡན་འདས་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ལྟར་གྱུར་པ་དེ་དག་གསོལ་ཏོ། །​དེ་སྐད་གསོལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་རྒྱལ་པོ་མར་མེའི་བདག་པོ་ལ་དེ་བས་ན་རྒྱལ་པོ་ཆེན་པོ་ཐུགས་བརྩེ་བའི་ཕྱིར་རྒྱལ་པོ་དགྲ་ཐུལ་གྱི་དྲུང་དུ་གཤེགས་སོ་ཞེས་བཀའ་སྩལ་ཏོ། །​ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལྷ་རྫས་མཆོག་གི་རྒྱལ་པོའི་ཕོ་བྲང་དུ་ཇི་སྲིད་དགྱེས་པར་བཞུགས་ནས། དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་ཐབས་ཅིག་ཏུ་ཡུལ་རྒྱུ་ཞིང་གཤེགས་སོ། །​རྒྱལ་པོ་མར་མེའི་བདག་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་ཞབས་འབྲིང་ཐོག་ཐག་ཏུ་འབྲང་ཞིང་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་དང་བཅས་པ་ལ་ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟི་བྱེད་ཅིང་བདག་གི་ཡུལ་གྱི་བར་དུ་ཞབས་འབྲིང་དུ་བྱས་ནས། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་ལ་ཕྱག་འཚལ་ནས་ལན་གསུམ་བསྐོར་ཏེ་མཆི་མ་བླགས་ནས་སླར་ལོག་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་གཤེགས་པར་རྒྱལ་པོ་དགྲ་ཐུལ་གྱིས་ཐོས་སོ། །​དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་བརྒྱན་ཏེ། ས་གཞི་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དག་ལ་གསེག་མ་དང་། གྱོ་མོ་དག་སེལ་དུ་བཙུད་དེ་བསལ་ནས་ཕྱག་དར་དང་། ཆག་ཆག་འདེབས་སུ་བཙུད་དོ། །​སྤོས་ཆུའི་ཆག་ཆག་ཀྱང་འདེབས་སུ་བཙུད་དོ། །​མེ་ཏོག་བཀྲམ་པས་པུས་ནུབ་ཙམ་དུ་ཕྱིན་པར་བྱ་བ་བྱེད་དུ་བཙུད་དོ། །​བདུག་པའི་སྣོད་ནས་ཀྱང་རབ་ཏུ་བདུག་པ་བྱས་སོ། །​གོས་རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་བྲེས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh56/UT22084-040-007-3192#UT22084-040-007-3192