ནས་ནི། །​སྒྲ་དང་མིང་ལ་སོགས་པའི་བར། །​ཆོས་ནི་རྣམ་པ་ཉི་ཤུ་ལྔ། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​གང་ཞིག་མིག་གི་རྒྱུ་རྐྱེན་ཉིད། །​ཡང་དག་སྟོང་ཞིང་དབེན་པ་དང་། །​མཐར་ནི་བདག་ཡོད་མ་ཡིན་པར། །​སེམས་པར་བྱེད་པ་གང་ཡིན་པ། །གང་ཟག་དེས་ནི་དེ་བཞིན་དུ། །​ཡང་དག་ངེས་པ་ཁོ་ནར་ནི། །​སེམས་ཀྱི་ཏིང་འཛིན་གང་ཡིན་པ། །​ཡོངས་སུ་རྫོགས་པར་བྱེད་པར་འགྱུར། །​གང་ཞིག་མིག་གི་རྟེན་འབྲེལ་དང་། །​མིག་མི་རྟག་པའི་མཚན་ཉིད་དག །​ངེས་པ་ཉིད་དུ་རྟོགས་གྱུར་ནས། །​སེམས་པར་བྱེད་པ་གང་ཡིན་པ། །​གང་ཟག་དེས་ནི་དེ་བཞིན་དུ། །​མིག་གི་རྒྱུ་རྐྱེན་གང་ཡིན་དང་། །​མཐར་ནི་ཡོད་པ་མ་ཡིན་པ། །​ཡང་དག་ཇི་བཞིན་རྟོགས་པར་འགྱུར། །​རྣ་བ་སྣ་ལྕེ་ལུས་ནས་ནི། །​སྒྲ་དང་མིང་ལ་སོགས་པའི་བར། །​ཆོས་ནི་རྣམ་པ་ཉི་ཤུ་ལྔ། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​དེ་ཡི་ཚེ་ན་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །​ཞབས་ནི་ས་ལ་རེག་ཙམ་གྱིས། །​དངོས་པོ་ངོ་མཚར་རབ་བསྟན་པ། །​དེང་འདིར་བདག་གི་མདོར་བསྡུས་ནས། །​ཡོན་ཏན་ཕྱོགས་ནི་ཅུང་ཟད་ཅིག །​སེམས་ཅན་དགའ་བ་བསྐྱེད་པའི་ཕྱིར། །​ཡང་དག་པར་ནི་བསྟན་པར་བྱ། །​དེ་ཚེ་ལྷ་མི་འདྲེན་པ་ཡིས། །​སྤུ་ཡི་ཁུང་བུ་གཅིག་ནས་ནི། །​འོད་ཟེར་བརྒྱ་སྟོང་ཚད་མེད་སྙེད། །​རབ་ཏུ་བཀྱེ་བར་གྱུར་པས་ན། །​འོད་ཟེར་དག་ནི་རེ་རེས་ཀྱང་། །​ཞིང་ནི་ཚད་མེད་གསལ་མཛད་ནས། །​སེམས་ཅན་མང་པོ་ཀུན་གྱི་ཕྱིར། །​སངས་རྒྱས་མཛད་པ་རབ་ཏུ་མཛད། །​གང་ཞིག་འདས་པའི་དུས་སུ་ནི། །​སངས་རྒྱས་རྣམས་ལ་མཆོད་པ་དང་། །​ཡུན་རིང་སྦྱིན་དང་ཚུལ་ཁྲིམས་དག །​མངོན་པར་བསྒྲུབས་པ་གང་ཡིན་པ། །​དེ་ལྟ་བུ་ཡི་གང་ཟག་དག །​དེས་ནི་ཇི་སྐད་བསྟན་པ་ཡི། །​རྫུ་འཕྲུལ་དངོས་པོ་ཐོས་གྱུར་ན། །​རབ་ཏུ་དགའ་ཞིང་མོས་པར་འགྱུར། །​གང་ཞིག་སངས་རྒྱས་རྫུ་འཕྲུལ་རྣམས། །​ཉན་ཐོས་དང་ནི་རང་རྒྱལ་གྱི། །​སྤྱོད་ཡུལ་མིན་པར་རབ་ཤེས་ནས། །​དེ་ལྟ་བུ་ཡི་གང་ཟག་དག །​དེས་ནི་ཇི་སྐད་བསྟན་པ་ཡི། །​རྫུ་འཕྲུལ་དག་ནི་ཐོས་གྱུར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1794#UT22084-040-006-1794