སྤངས་པ་གང་ཡིན་པ། །​དེ་ཡང་རབ་ཏུ་རྟོགས་པར་འགྱུར། །​ཉོན་མོངས་སྤངས་པ་གང་ཡིན་པ། །​རབ་ཏུ་རྟོགས་པར་གྱུར་པའི་ཕྱིར། །​དེས་ནི་དེ་བཞིན་གཤེགས་པ་རྣམས། །​མཐོང་བ་ཉིད་དུ་གྱུར་པ་ཡིན། །​གང་ཟག་དེས་ནི་དེ་བཞིན་དུ། །​མིག་གི་སྔོན་མཐའ་ཤེས་པ་དང་། །​མིག་གི་མི་གནས་ཤེས་པ་དང་། །​མིག་གི་སྐྱེ་བ་ཤེས་པ་དང་། །​སངས་རྒྱས་རྫུ་འཕྲུལ་ཤེས་པ་དང་། །​མིག་གི་དམན་པ་ཤེས་པ་དང་། །​མིག་གི་ཁྱད་པར་འཕགས་ཤེས་དང་། །​ཡེ་ཤེས་དམན་པ་ཤེས་པ་དང་། །​རྣམ་དག་ཡེ་ཤེས་ཤེས་པ་དང་། །​ཚུལ་ཁྲིམས་རྣམ་དག་ཤེས་པ་དང་། །​ལུས་ཀྱི་སྡོམ་པའི་ཤེས་པ་དང་། །​རྣམ་དག་སྒྲ་ཡི་ཤེས་པ་དང་། །​ངག་གི་སྡོམ་པའི་ཤེས་པ་དང་། །​རྣམ་དག་སེམས་ཀྱི་ཤེས་པ་དང་། །​གནས་ཀྱི་བྱེ་བྲག་ཤེས་པ་དང་། །​སེམས་ཀྱི་ཆོས་ཀྱི་ཤེས་པ་དང་། །​སེམས་སྐྱོན་ཤེས་པའི་ཤེས་པ་དང་། །​རྣམ་དག་ལས་ཀྱི་ཤེས་པ་དང་། །​སེམས་ཀྱི་སྡོམ་པའི་ཤེས་པ་དང་། །​ཉེས་དམིགས་ཤེས་པའི་ཤེས་པ་དང་། །​རྣམ་དག་སྒྲ་ཡི་ཤེས་པ་དང་། །​ཕུང་པོའི་བྱེ་བྲག་ཤེས་པ་དང་། །​ཕུང་པོའི་རྒྱུ་རྐྱེན་ཤེས་པ་དང་། །​མིག་ནི་ཡོངས་ཤེས་ཤེས་པ་དང་། །​སྡུག་བསྔལ་འབྱུང་གནས་ཤེས་པ་དང་། །​ཟག་མེད་ཚུལ་ཁྲིམས་ཤེས་པ་དང་། །​ཚུལ་ཁྲིམས་རྒྱུ་རྐྱེན་ཤེས་པ་དང་། །​སྡུག་བསྔལ་རྒྱུ་རྐྱེན་ཤེས་པ་དང་། །​སྡུག་བསྔལ་ཟད་པའི་རྒྱུ་ཤེས་དང་། །​འདུས་བྱས་རྣམས་ཀྱི་ཤེས་པ་དང་། །​ཟག་པ་ཟད་པའི་ཤེས་པ་དག །​ཡོངས་སུ་རྫོགས་པར་བྱེད་པ་ཡིན། །གཞན་ཡང་རྒྱུ་རྐྱེན་བཅུ་གཉིས་ཀྱི། །​སྤྱོད་དང་བཅས་པའི་ཤེས་པ་དང་། །​སྤྱོད་པ་མེད་པའི་ཤེས་པ་དང་། །​མཚན་མ་བཅས་དང་མཚན་མ་མེད། །​འདུས་བྱས་དང་ནི་འདུས་མ་བྱས། །​རྣམ་པར་གཞག་དང་ཡོངས་སྡུད་དང་། །​བདག་དང་གཞན་གྱི་སེམས་ཤེས་པ། །​ཡང་དག་ཇི་བཞིན་ཤེས་པ་ཡིན། །​གཞན་ཡང་མིག་ཟད་སྐྱེ་མཐའ་དང་། །​མིག་གི་མཐའ་དང་རབ་དབེན་དང་། །​འཇུག་པ་དང་ནི་མེད་པ་དང་། །​མི་སྐྱེ་བ་དང་ཉེར་ཞི་ཉིད། །​ཡང་དག་ཇི་བཞིན་ཤེས་པས་ན། །​སེམས་ཅན་དག་ནི་མང་པོ་རྣམས། །​རྣམ་པར་དག་པའི་ཡེ་ཤེས་དང་། །​མཐུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1791#UT22084-040-006-1791