གྲོལ་བ་བཙལ་བར་བྱོས། །​བླ་མེད་རྙེད་པ་ཐོབ་པར་འགྱུར། །​ཁྱོད་ཀྱིས་སངས་རྒྱས་ལམ་བསྒྲུབས་ལ། །​སངས་རྒྱས་ཆོས་ཉིད་འདྲ་བར་ལྟོས། །​ཆོས་ཀྱི་སྒྲོན་ཆེན་རྟག་སྦོར་ལ། །​འཇིག་རྟེན་ཀུན་ནི་སྣང་བར་གྱིས། །​ཁྱོད་ཀྱི་སེམས་ནི་རི་རྒྱལ་ལྟར། །​མི་གཡོ་ཉིད་དུ་རབ་ཏུ་བྱོས། །​ཁ་ངན་དང་ནི་བརྡེགས་པ་ཡང་། །​ཐམས་ཅད་བཟོད་པ་དང་དུ་ལོང་། །​ཁྱོད་ནི་སེམས་ཅན་རྣམས་ཀྱི་ཕྱིར། །​དགེ་བཤེས་ཡང་དག་རབ་ཏུ་བྱོས། །​དམན་པའི་སེམས་ནི་ཡོངས་སྤོངས་ལ། །​རྣམ་དག་ལས་ནི་རྟག་ཏུ་སྒྲུབས། །​ཁྱོད་ཀྱི་སེམས་ནི་བརྟན་བྱོས་ལ། །བླ་མེད་ཆོས་ནི་རབ་ཏུ་སྟོན། །​མདོ་སྡེ་དམ་པ་འདི་ལྟ་བུ། །​བརྩེ་བ་ཅན་ལ་སྦྱིན་པར་གྱིས། །​བླ་མེད་ཡེ་ཤེས་གང་ཚོལ་བ། །​འཁོར་བ་དག་ལ་འཇིགས་མ་བྱེད། །​དེས་ནི་སྡིག་པ་རྣམ་སྤངས་ནས། །​ཕན་ཡོན་མཆོག་ནི་ཐོབ་པར་འགྱུར། །​དཔེར་ན་བློ་དང་ལྡན་པ་དག །​མེ་ལ་སྤྱོད་པར་མཁས་པ་གང་། །​རོ་རྣམས་སྣ་ཚོགས་སྦྱིན་བྱེད་ཀྱང་། །​མེས་ནི་སྲེག་པར་ཡོང་མི་འགྱུར། །​གང་ཞིག་བློ་དང་མི་ལྡན་པ། །​ཐབས་དག་ལ་ནི་མི་མཁས་པས། །​མེ་ཁྱེར་ལག་མཐིལ་གང་བཞག་པ། །​མེས་ནི་རབ་ཏུ་སྲེག་པར་འགྱུར། །​ཇི་ལྟར་མི་ཞིག་དུག་དག་གིས། །སེམས་ནི་འཁྲུགས་ནས་མྱོས་པ་གང་། །​མེ་ལ་རབ་ཏུ་བསྲོས་ན་ནི། །​དེ་ཡི་རྒྱུ་ཡིས་སོས་པར་འགྱུར། །​ཟླ་འོད་ཁྱོད་ཀྱིས་ཤེས་པར་གྱིས། །​བློ་དང་ལྡན་པའང་དེ་བཞིན་དུ། །​ཡིད་བརྟེན་ཡིད་ནི་སྟོང་པར་རིག །​དེ་ཕྱིར་འཁོར་བར་གནས་ཀྱང་ནི། །​མིག་བརྟེན་མིག་ནི་སྟོང་རིག་པས། །​མིག་ལ་མངོན་པར་ཞེན་པ་མེད། །​གལ་ཏེ་དེ་ལྟར་རབ་ཤེས་ན། །​མིག་ལ་གནས་ཀྱང་ཉོན་མོངས་མེད། །​གལ་ཏེ་མིག་ཉིད་སྟོང་རིག་ན། །​ཡང་དག་ཡེ་ཤེས་སྒྲུབ་པར་འགྱུར། །​ཡང་དག་ཡེ་ཤེས་ཐོབ་པའི་ཕྱིར། །​འོད་ཟེར་དག་ནི་འབྱུང་བར་འགྱུར། །​གལ་ཏེ་མིག་ཉིད་སྟོང་རིག་ན། །​འདོད་ཆགས་དག་ནི་གཏན་ནས་སྤོང་། །​འདོད་ཆགས་དག་ནི་མེད་པའི་ཕྱིར། །​འོད་ཟེར་དག་ནི་འབྱུང་བར་འགྱུར། །​དེ་བཞིན་ཞེ་སྡང་གཏི་མུག་དང་། །​ངར་འཛིན་འཆབ་དང་ཁྲོ་བ་དང་། །​སེར་སྣ་ཕྲག་དོག་ངོ་ཚ་མེད། །​མི་བཟོད་སེམས་ནི་མཐོ་བ་དང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1730#UT22084-040-006-1730