མོངས་པ་དང་བཅས་པ་ཡིན་པས་དེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་ཞིང་ཉེ་དུའི་མཆོད་པ་སྤང་བར་བྱ་བ་དང་། ཤིན་ཏུ་ཡོངས་སུ་དག་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་སྦྱིན་པས་ཀུན་ནས་ཉོན་མོངས་པར་གྱུར་ན་ས་དང་པོ་པར་རོ། །​ཚུལ་ཁྲིམས་ཀྱིས་ནི་ས་གཉིས་པར་རོ། །​ཐོས་པས་ནི་ས་གསུམ་པར་རོ། །​ཏིང་ངེ་འཛིན་གྱིས་ནི་ས་བཞི་པར་རོ། །​གཟུངས་ཀྱིས་ནི་ས་ལྔ་པར་རོ། །​མངོན་པར་ཤེས་པ་རྣམས་ཀྱིས་ནི་ས་དྲུག་པར་རོ། །​ཆོས་སྟོན་པས་ནི་ས་བདུན་པར་རོ། །གཡོག་འཁོར་ཕུན་སུམ་ཚོགས་པས་ནི་ས་བརྒྱད་པར་རོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་སོན་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དགུ་པོ་དག་ཏུ་བལྟ་སྟེ། དེས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པར་བྱའོ། །​བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཟང་ཟིང་ནི་རྙེད་ལ། ཤེས་པས་ནི་མ་ཡིན་པས་བདུད་ཀྱི་ལྕགས་ཀྱུས་ཀུན་ཏུ་དྲངས་པ་ཡིན་ཏེ། ལས་ཀྱི་སྒྲིབ་པ་ནི་ཆུང་ངོ་། །​དེས་ན་ཆོས་སྨྲ་བ་ལ་ཉེ་བར་འཚོ་བ་དག་བསྒྲུབ་པར་བྱ་ཞིང་ནང་དུ་ཡང་དག་འཇོག་ཀྱང་བསྒྲུབ་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་ས་དང་པོ་ལ་ནི་སྤྱོད་པའི་ཤེས་པ་མེད་དོ། །​ས་གཉིས་པ་ལ་ནི་ཐོས་པའི་ཤེས་པ་མེད་དོ། །​ས་གསུམ་པ་ལ་ནི་ངེས་པའི་ཤེས་པ་མེད་དོ། །​ས་བཞི་པ་ལ་ནི་བསམ་གཏན་གྱི་ཤེས་པ་མེད་དོ། །​ས་ལྔ་པ་ལ་ནི་གཟུངས་ཀྱི་ཤེས་པ་མེད་དོ། །​ས་དྲུག་པ་ལ་ནི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་མེད་དོ། །​ས་བདུན་པ་ལ་ནི་སྒྲུབ་པའི་ཤེས་པ་མེད་དོ། །​ས་བརྒྱད་པ་ལ་ནི་བཀོད་པའི་ཤེས་པ་མེད་དོ། །ས་དགུ་པ་ལ་ནི་སྨོན་ལམ་གྱི་ཤེས་པ་མེད་དོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། །​དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-589#UT22084-039-004-589