བདུད་རྩིའི་རོ་དང་ལྡན་པའི་འབྲས་བུའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་དགེ་བའི་རྩ་བ་སྣ་ཚོགས་བྱ་བ་ལ་བརྩོན་པར་བྱ་ཞིང་དགེ་བའི་རྩ་བའི་ཆོས་དེ་ལ་ཀུན་ཏུ་སྤྱོད་པ་ན་དེས་འཁོར་བཞི་པོ་དག་དང་མ་འདྲེས་པར་རི་ཁྲོད་དུ་འགྲོ་བ་ལ་བརྩོན་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་གིས་མེ་ཏོག་མང་ལ་དྲི་མི་ཞིམ་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​གང་གིས་མེ་ཏོག་དྲི་ཞིམ་པོའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། །​གང་གིས་མེ་ཏོག་མང་ཞིང་དྲི་ཞིམ་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །​གང་གིས་མེ་ཏོག་དང་འབྲས་བུར་བཅས་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། །​གང་གིས་ལོ་མ་ཉུང་བའི་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། །​གང་གིས་ལྷའི་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། །​གང་གིས་བྱང་ཆུབ་ཀྱི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། །​ས་གོང་མ་དག་ལ་ནི་མཚན་མ་ལྡོག་པ་མེད་དོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་ན་དེ་ནི་ས་དང་པོ་དྲུག་པོ་དེ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ཆོས་ཀྱི་སྒྲིབ་པ་མེད་དོ། །​བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ཉེ་བར་རིག་པར་བྱ་སྟེ། དེས་ནི་སྟོང་པ་ཉིད་བསྒོམ་པའི་ཕྱིར་ཡི་དམ་ལ་བརྟན་པ་དང་། བདེ་བ་དང་སྡུག་བསྔལ་དག་གིས་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-581#UT22084-039-004-581