ལས་ས་གང་ཡང་རུང་བར་བལྟའོ། །​ས་གོང་མས་བདུན་པ་མན་ཅད་ལ་མི་བརྩོན་པ་དག་ལ་ནི་བདུད་ཀྱི་ལས་ཀྱང་འབྱུང་ངོ་། །​དེ་ནི་ཆོས་མ་ཡིན་པ་སྨྲ་བ་དག་ཡོངས་སུ་བཟུང་ཞིང་རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པས་ཆོས་སྨྲ་བ་དག་ཡོངས་སུ་སྤངས་ལ་དེ་ལ་དེས་ཆོས་སྨྲ་བ་དག་ལ་གཡོས་བསྙེན་བཀུར་བྱས་པ་ཡིན་པས། དེས་གལ་ཏེ་ཐབས་མཁས་པ་ལ་བསླབས་ཤིང་ལྷག་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱད་ན། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་བདག་གང་ན་གནས་པར་གཡུལ་འགྱེད་པ་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། །​མཚོན་ཆ་འདེབས་པར་མཐོང་ནས་གཉིས་པར་བལྟའོ། །​བོང་བ་དང་དབྱུག་པ་འབབ་པར་མཐོང་ན་ས་གསུམ་པར་བལྟའོ། །​གཤེ་བ་དང་བརྒྱད་བཀག་པ་མཐོང་ན་ས་བཞི་པར་བལྟ་སྟེ། མི་བརྩོན་པ་ལ་ནི་བདུད་ཀྱི་ལས་ཀྱང་རིག་པར་བྱའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ན་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གཉིས་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། །​དེ་ལ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་ལ་བར་ཆད་མང་བ་ཡིན་ནོ། །​དེས་ནི་ཆོས་ཀྱིས་ཀུན་ཏུ་བསྡུ་བ་བྱས་ནས་ཡང་ཕྱིར་བཤིག་པ་དང་། ཡོ་བྱད་དག་བྱིན་ནས་ཡང་ཕྱིར་ཕྲོགས་པ་ཡིན་པས། དེས་གལ་ཏེ་ཆོས་སྨྲ་བའི་གང་ཟག་རྣམས་ལ་ཇི་ལྟར་འོས་པའི་མཆོད་པ་དག་ཕུལ་ཞིང་ཞེ་འགྲས་པ་མེད་པའི་སེམས་ཀྱིས་འབུལ་བར་བྱེད་ན། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​ས་གཞན་ལ་གནས་པ་དག་གིས་བདག་ན་བར་ཀུན་ཏུ་ཤེས་ན་དེས་ནི་བདུད་ཀྱི་ལས་སུ་རྟོགས་པར་བྱའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གཡང་ས་ནས་གཡང་དུ་ལྷུང་ཞིང་རྟོན་པ་མེད་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་མཐར་བསམ་པ་ཉམས་པར་གྱུར་ཅིང་ཤིན་ཏུ་གཡོན་ཅན་དང་། མ་མོས་པ་མང་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་མང་བ་དང་། བདུད་ཀྱི་ལས་མང་བ་དང་། ལུས་ཉམ་ཆུང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-565#UT22084-039-004-565