བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ཆོས་གོས་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་མངོན་པར་བརྩོན་པས་ཡེ་ཤེས་ཡོངས་སུ་བཙལ་བར་བྱའོ། །​བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་དྲི་མ་ཅན་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་དྲི་མ་མེད་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་གཉིས་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་ཚོན་གྱིས་བསྒྱུར་བ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་གསུམ་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་བཅགས་ཤིང་ཤིན་ཏུ་བྱི་དོར་བྱས་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་བཞི་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་འོད་དང་ལྡན་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་ལྔ་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་ཆོ་འཕྲུལ་བྱེད་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་དྲུག་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་གཅིག་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་བདུན་པར་བལྟའོ། །​གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་གསུམ་ཆར་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟ་སྟེ། གལ་ཏེ་བརྩོན་ན་ནི་མཚན་མ་དེ་དག་འབྱུང་བར་འགྱུར་རོ། །​ཇི་སྟེ་མི་བརྩོན་ན་ནི་བྱང་ཆུབ་སེམས་དཔའ་ལ་བདུད་ཀྱི་ལས་མ་གཏོགས་པར་ལས་དེ་མེད་དོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་རྣམས་ཀྱིས་དགོངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ས་བརྒྱད་པ་ལ་ཆོས་ཀྱི་སྣང་བའི་སྣོད་དུ་གྱུར་བར་འགྱུར་རོ། །​དེས་ཀྱང་སྒྲིབ་པ་མེད་པའི་བཟོད་པ་བསྒོམ་བར་བྱ་སྟེ། དེས་ན་དེ་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །​གལ་ཏེ་ལྷུང་བཟེད་སྐྱོན་ཅན་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​གལ་ཏེ་སྐྱོན་མེད་པ་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-555#UT22084-039-004-555