ཇི་ལྟར་པད་མོ་ཆུས་མི་ཆགས་པ་བཞིན། །​ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །​ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །​ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །​བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །​འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །​བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །​སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །​བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །​མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་འགྱུར། །​བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །​ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །​སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །​བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །​བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །​དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །​དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །​སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །​མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་ལྟ། །​མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །​དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །​རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །​བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །​བཟང་པོ་སྤྱོད་པ་རྣམ་པར་སྦྱངས་པ་ཡང་། །​མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །​སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །​བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །​ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །​ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །​རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །​ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །​སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །​བྱང་ཆུབ་སྤྱོད་པ་སྤྱོད་ཅིང་བལྟ་བར་བགྱི། །​དེ་དག་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །​སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །​སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །​བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45/UT22084-037-007-8572#UT22084-037-007-8572