༄༅། །​རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ནི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །​འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །​ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །​དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །​བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །​ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །​བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །​རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །​ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །​རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །​རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །​སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །​དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །​ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །​དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །​དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །​རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །​བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །​མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །​ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །​ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །​རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །​མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །​དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །​བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །​རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །​འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །​ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །​སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །​དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །​ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །​རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །​འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །​དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །​གང་རྣམས་ཕྱོགས་བཅུའི་འཇིག་རྟེན་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh4377/UT22084-101-151-99#UT22084-101-151-99