ཨཱ་ལི་བུང་བ་ཞེས་བྱར་བརྗོད། །​བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །​ཨཱ་ལི་ནམ་མཁའི་མཐར་གཏུགས་པར། །​ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །​རྒྱུ་དང་མི་རྒྱུ་གསང་བློ་འཛིན། །​ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །​དབང་པོ་ཀུན་གྱི་བདུད་རྩི་དང་། །​ལས་རྣམས་ཐམས་ཅད་སྐྱེ་བ་ཉིད། །​དེ་ཕྱིར་ཐམས་ཅད་བཀུག་ནས་ནི། །​རྩ་བའི་དབུས་སུ་ཐིམ་པར་བྱ། །​འཇིགས་བྱེད་རྡོ་རྗེ་སྒྲ་ཡིས་ནི། །​རྫོགས་པའི་རྣལ་འབྱོར་རྫས་ལས་ནི། །​རླུང་དང་མེ་དང་བདུན་པའི་དོན། །​རྡོ་རྗེ་ཅན་གྱི་ས་བོན་སྦྱར། །​ཐིག་ལེ་སྒྲ་ཡིས་ཡང་དག་མནན། །​ཆར་གྱི་རྒྱུན་ཞེས་བརྗོད་པར་བྱ། །​དབྱངས་ཀྱི་དང་པོ་མཆོག་ས་བོན། །​དེ་ཡི་དབུས་སུ་གཟུང་བར་བྱ། །​ཀཱ་ལི་མེ་ཏོག་ཤེས་པར་བྱ། །​མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །​མ་མོ་ཀུན་གྱི་ས་རྣམས་ཀྱང་། །​ཀུན་ལ་འཁོར་བ་བསྐྱེད་པར་འགྱུར། །​ཡེ་ཤེས་ཆུ་བོ་རྒྱ་མཚོ་འདིར། །​ཤེས་རབ་ཆུ་སྲིན་དབྱངས་ཀྱི་ཉས། །​གཉིས་མེད་འདམ་གྱི་དབུས་སུ་ནི། །​ཐབས་ཀྱི་རྣམ་པའི་མྱུ་གུ་ཉིད། །​བྃ་དུ་ལྟ་བུར་བྱ་བ་ཉིད། །​སྦྲང་རྩི་དང་ནི་བདུད་རྩིའི་གནས། །​ཀཱ་ལི་དང་མི་བདུད་རྩི་ཉིད། །ཆུ་དང་མེ་ཏོག་ནང་དུ་འཁོར། །​བདུད་རྩི་ཆུ་ཡི་ཆོ་ག་མཆོག །​གཉིས་ལས་ལུས་ནི་སྐྱེ་བར་འགྱུར། །​གང་དུ་བདུད་རྩི་དང་ནི་ཆུ། །​ལྔ་ཡི་བདག་ཉིད་དུ་ནི་གསུངས། །​མེ་ནི་ཚ་བ་ཉིད་ཡིན་ཏེ། །​རེག་པས་རླུང་ནི་དུ་བར་ལྟ། །​ཆུ་ནི་གཤེར་བའི་དངོས་པོ་སྟེ། །​ས་ནི་གཟུགས་སུ་བལྟ་བར་བྱ། །​ཡེ་ཤེས་རྡོ་རྗེ་བྱིན་བརླབས་པས། །​རྣམ་པ་ལྔར་ནི་རབ་ཏུ་བསྐྱེད། །​ཡང་ནི་ཆུ་ནི་ཀུན་གྱི་དབྱིབས། །​དེ་བཞིན་མེ་ཡིས་ཟད་པར་བྱེད། །​དེ་བཞིན་རླུང་ནི་རྟག་པ་ཡི། །​ས་ནི་དབང་པོའི་གཟུགས་ཅན་མ། །​ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །​རྣལ་འབྱོར་མ་ཀུན་མཉེས་པར་བྱེད། །​རྡོ་རྗེ་ཡན་ལག་དགྱེས་པའི་མཐུས། །​སྤྱན་གྱིས་གཟིགས་པར་མཛད་པ་ཡི། །​ཡི་གེའི་དངོས་པོ་རང་བཞིན་ནི། །​སྟོང་པར་རོལ་པ་ཉིད་ཀྱིས་ནི། །​དངོས་དང་དངོས་མེད་རྣམ་སྤངས་པས། །​སྙིང་པོ་ཡང་ནི་འཚལ་བ་ཉིད། །​མ་ལུས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9156#UT22084-079-008-9156