འདྲ་བ་སྤྲོ། །​འདི་ནི་བསྒོམས་པ་ཙམ་གྱིས་ནི། །​སེམས་ཅན་རྣམས་ནི་དབང་དུ་སྡུད། །​རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །​བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །​ནམ་མཁའི་ཁམས་ཀྱི་ནང་སོན་པར། །​ཉི་མའི་དཀྱིལ་འཁོར་ངེས་བསམ་བྱ། །བྃ་ལས་ཡོངས་གྱུར་ལྷ་མོ་ནི། །​ཁ་དོག་སེར་མོ་ཆེར་འབར་མ། །​ཞལ་གསུམ་མ་ལ་སྤྱན་གསུམ་ཉིད། །​ཁྲོ་བཅས་ཞལ་ནི་འཛུམ་པ་དང་། །​རྒྱན་རྣམས་ཀུན་གྱིས་ཤིན་ཏུ་བརྒྱན། །​ཕྱག་དྲུག་སར་བའི་ལང་ཅོ་མ། །​གཡས་པའི་ཕྱག་ན་རྡོ་རྗེ་དང་། །​གཉིས་བ་ན་ནི་དགྲ་སྟ་ཉིད། །​གསུམ་པ་ན་ནི་མདའ་གསོར་མ། །​གཡོན་པ་ན་ནི་སྡིག་མཛུབ་ཞགས། །​གཉིས་པར་ཤིང་ལོའི་རྔ་ཡབ་དང་། །​གསུམ་པར་གཞུ་ནི་འཛིན་པ་ཉིད། །​མེ་ཏོག་གིས་ནི་ཐོར་ཚུགས་དཀྲིས། །​པདྨ་དཀར་པོ་གནས་པ་དང་། །འོད་ཟེར་དམར་པོས་བརྒྱན་པ་མ། །​ཁྲོ་བོ་འབར་བའི་སྤྲོ་བ་འབབ། །​ཁྲོ་བོ་འབར་བས་ཀུན་སྐྲག་ཅིང་། །​བསྲེགས་ཤིང་སྐྱེ་དགུ་གཟས་ཟིན་གང་། །​ཁྲོ་བོ་འབར་བས་སྨོན་པ་དང་། །​མི་བསྐྱོད་པ་ཡིས་མགོ་བོ་མནན། །​དཀར་པོ་རིགས་ལྔའི་སངས་རྒྱས་ཡང་། །བདུད་རྩི་རབ་ཏུ་ཆར་འབེབས་པ། །​སྔར་བཞིན་གཡས་དང་གཞན་པའི་ཞལ། །​འདི་འདྲའི་སྒྱུ་མ་ཀུན་གཞིའི་ཕྱིར། །​དེ་ལྟར་རྣལ་འབྱོར་པ་ཡིས་བསྒོམ། །​ནད་ཐམས་ཅད་འཇོམས་པར་བྱེད་པའི་རི་ཁྲོད་མ་ཤིང་ལོ་ཅན་ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཆེན་པོས་བཀའ་སྩལ་ཏོ། །​རྡོ་རྗེ་ཁྲོ་བོ་བསྒོམ་པ་ནི། །​ལྷ་མོ་སྐལ་བ་ཆེན་མོ་ཉོན། །​ཁྲོ་བོའི་སྐུར་ནི་བླངས་ནས་ནི། །​ཁྲོ་བོའི་རྒྱལ་པོ་བསྒོམ་པར་བྱ། །​ཞལ་བཞི་པ་ལ་ཕྱག་བཞི་པ། །​ཇི་སྲིད་དེ་བཞིན་ཕྱག་འབུམ་ཉིད། །​ཁྲོ་བོ་ཆེན་པོ་ལུས་དཀར་བ། །དེ་མདོག་མཚོན་ཆ་འཛིན་མར་ནི། །​རྡོ་རྗེ་ཕག་མོ་བརྟག་པར་བྱ། །​དཔའ་བོ་ཐོད་པའི་ཕྲེང་བ་ཅན། །​ཐལ་བས་ལུས་ལ་བྱུགས་པ་དང་། །​ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །​མདུང་རྩེ་རལ་པའི་ཅོད་པན་མཚན། །​ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །​ཡི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9134#UT22084-079-008-9134