ལྡན་པའི་ལྷ། །​སྣ་ཚོགས་ལས་ཀྱིས་མཆོད་པར་བྱ། །​སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །​སྔགས་ཀྱི་སྒྲུབ་པོས་ཆོ་ག་ཤེས་པས། །​དང་པོར་སྲེག་བླུགས་གང་བར་དབུལ། །​ཕྱི་ནས་ལས་ནི་བརྩམ་པར་བྱ། །​སྦྱིན་སྲེག་དེ་ཉིད་ཀྱིས་ནི་བསྐུལ། །​སྦྱིན་སྲེག་ཆོ་གའི་རིམ་པ་འདི། །​ཞི་བ་རྒྱས་པ་དབང་དང་ནི། །​ཁུ་བ་སྲིད་པའི་སྦྱིན་སྲེག་ལ། །​བཤང་གཅི་ཁྲག་དང་རྐང་དང་ནི། །​རུས་པ་ཤ་ཆེན་སྦྱིན་སྲེག་གི །​ཐམས་ཅད་ལས་ནི་ཁ་བཀང་ཡིན། །​དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པའི་རྡོ་རྗེ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་ལོ་ཐམས་ཅད་རབ་ཏུ་བསྒྲུབ་པའི་སྦྱོར་བའི་ལས་རྒྱས་པ་ཕྱི་དང་ནང་དུ་གྱུར་པ་འདི་བཀའ་སྩལ་པ། གང་གི་གང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བསྟན་པར་འགྱུར་བའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ། །​ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་ལ་བདག་པོས་འཁོར་ལོའི་རྒྱལ་མོ་རྣམ་པར་བསྒོམ་པར་སྦྱོར་བར་བྱེད་དོ། །​བྷ་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བ་བསྒོམ་པར་བྱ་སྟེ། ཏཱྃ་ལས་སྐྱེས་པའི་ལྷ་མོ་སྒྲོལ་མ་མཐུ་ཆེན་མོ་སྒེག་པའི་རོས་ཡང་དག་པར་གནས་མ། ཞལ་བརྒྱད་མ། སྤྱན་གསུམ་མ། ཕྱག་བཅུ་དྲུག་མ། ཞལ་འཛུམ་པ། མ་ར་ཀ་ཏ་ལྟ་བུ། ལང་ཚོ་ཕུན་སུམ་ཚོགས་མ། ན་བཟའ་སྣ་ཚོགས་མན་པས་མ། དོ་ཤལ་དང་། རྐང་གདུབ་དང་། ལག་གདུབ་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། སྐ་རགས་ཆེན་པོ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་མ། ཨུཏྤ་ལ་ཡིས་སྤྱི་བོ་བརྒྱན་མ། ཡ་བའི་མེ་ཏོག་ལྟ་བུར་མཆོག་མ། གཡོན་བརྐྱང་བས་གནས་སུ་བཞུགས་མ། སུམ་ཅུ་རྩ་གསུམ་གྱི་བདག་པོ་ཡང་འཇིགས་ཤིང་སྐྲག་པར་མཛད་ཅིང་། གཞན་ཡང་ཐལ་མོ་སྦྱོར་བ་དང་། འོད་ཟེར་དམར་པོ་ཉེ་བར་འབར་ཞིང་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་སྤྲོ་བ་དང་། སེམས་ཅན་ཐམས་ཅད་ལམ་ལྟ་བུར་སྡུག་པར་རྣལ་འབྱོར་པས་བསྒོམ་པར་བྱས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9130#UT22084-079-008-9130