ལྟོ་འཕྱེ་ཆེན་པོ་རྣམས་བཅིངས་པ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་སྦྱོར་བ་འཕྲོག་པ་དང་། ཀླུ་ཐམས་ཅད་ཀྱི་དུག་འཕྲོག་པར་འགྱུར་རོ། །​གྱོ་མོ་ལ་ཡོངས་སུ་བཟླས་ནས་ཆུ་ལ་གཏོར་ན་རྒྱུན་ལས་བཟློག་ནས་འབབ་པར་འགྱུར་རོ། །​གྱོ་མོ་དེ་ཉིད་ཀྱིས་རྦ་རླབས་རེངས་པར་བྱེད་དོ། །​སྟེང་དུ་བལྟས་ནས་སྟོང་བཟླས་ན་ཆར་ཆེན་པོ་ཟློག་པར་བྱེད་དོ། །​ཕ་རོལ་གྱི་དཔུང་ལ་ཁ་བལྟས་ནས་སྟོང་བཟླས་པ་བྱས་ནས་གཡུལ་དུ་ཞུགས་ན་མཚོན་བརྒྱ་ཡིས་བསྣུན་ཀྱང་ན་བ་སྐྱེ་བར་མི་འགྱུར་ཏེ། མཚོན་གྱིས་ཆོད་པར་མི་འགྱུར་ཞིང་རྡོ་རྗེའི་ལུས་སུ་འགྱུར་བ་དང་། ངོ་མཚར་དུ་མ་བྱེད་པར་འགྱུར་བ་དང་། སྔགས་ཀྱི་རྒྱལ་པོས་བསྐུལ་བས་རྩེ་བར་འགྱུར་རོ། །​བདུན་པ་ལས་རྒྱས་པའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།​། །​།རབ་གནས་མཚན་ཉིད་བཟང་པོ་ནི། །​རིམ་པ་ཇི་ལྟར་བཤད་དུ་གསོལ། །​བཟླས་དང་བསམ་གཏན་མི་འཚལ་བས། །​སྦྱིན་སྲེག་ལས་ཆོ་ག་ཇི་ལྟར་ལགས། །​བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །​ཆོས་ཀུན་གཅིག་ཏུ་བསྡུས་པ་ཡི། །​དགྱེས་པ་ཆེན་པོ་རྙེད་དཀའ་བས། །​བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །​བསམ་གཏན་ལས་ཆོ་ག་ཇི་ལྟ་བར། །​བཤད་པར་བྱ་ཡིས་ལྷ་མོ་ཉོན། །​བསམ་གཏན་ཙམ་གྱིས་སྦྱོར་བས་ནི། །​ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །​དེ་ལ་དང་པོར་ས་སྦྱང་བ་བཤད་པའི་ཕྱིར་བཀའ་སྩལ་པ། རྡོ་རྗེ་སེམས་དཔར་བསྙེམས་བྱས་ནས། །​ཁེངས་བཙས་གཉིས་མེད་ཡང་དག་གནས། །​འཇིག་རྟེན་གསུམ་རྒྱལ་གྱུར་ནས་ནི། །​བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ། །​རྐང་པའི་དགོད་པ་ཅི་གསུངས་དང་། །​དེ་བཞིན་དུ་ནི་ལྷ་རྣམས་ཉིད། །​སྦྱིན་སྲེག་ལས་ནི་ཅི་གསུངས་དང་། །​ཐབ་ཁུང་གི་ནི་མཚན་ཉིད་དང་། །​དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །​ཕྱི་ནས་དཀྱིལ་འཁོར་བྲི་བར་བྱ། །​ཁྲོ་བོ་རྣམ་པར་རྒྱལ་བ་ཞལ་གསུམ་པ་ཕྱག་དྲུག་པར་གྱུར་པ་བསྒོམས་ནས། ཁྲོ་བོའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9124#UT22084-079-008-9124