ཁ་ཊྭ་ག་དང་། དེ་བཞིན་དུ་ལྕགས་ཀྱུ་ཉིད་དེ་ལྟར་མདོར་བསྡུས་ནས་བྲི་བར་བྱའོ། །​དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བའི་ནང་དུ་ཆེ་གེ་མོ་དང་ཆེ་གེ་མོས་བུ་རྙེད་པར་གྱུར་ཅིག་ཅེས་བྱ་བ་དང་འཁོར་ལོའི་ལྟེ་བར་སྔགས་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྔགས་འདི་བྲི་བར་བྱ་སྟེ། ཨོྃ་ཨྀ་མྲ་ཏ་བི་ལོ་ཀི་ནི། གརྦྷ་སཾ་རཀྵ་ཎི་ཨཱ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྐར་མ་རྒྱལ་ལ་གུར་གུམ་དང་། བ་ལང་གི་གི་ཝང་གིས་གྲོ་ག་ལ་བྲིས་ནས་འཛིན་པར་བྱེད་ན་བུ་རྙེད་པར་འགྱུར་རོ། །​འཁོར་ལོ་བུམ་པའི་དབྱིབས་སུ་གྱུར་པའི་མགྲིན་པ་རིང་པོའི་མགྲིན་པར། ཡཿདེ་ཡཿབ་ཡཿད་ཡཿཏྟ་ཡཿམུ་ཡཿཙྪཱ་ཡཿཊ་ཡཿཡ་ཡཿ དེ་ལྟར་ཆོ་གས་བྲི་བར་བྱ་སྟེ། དབང་ཕྱུག་གི་གནས་ཀྱི་རྒྱལ་མཚན་གྱི་རས་ལ་ཁྭའི་ཁྲག་གིས་གང་གི་མིང་ནས་མངོན་པར་བྲིས་ནས་ཁྭ་གསོན་པོའི་མགྲིན་པ་ལ་བཏགས་ཏེ། རླུང་གི་ཕྱོགས་སུ་བཏང་ན་མྱུར་དུ་སྐྲོད་པར་བྱེད་དོ། །​ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱ་སྟེ། ཧཱུྃ་གི་དེ་ཁོ་ན་ཉིད་ཀྱི་ས་བོན་སྙིང་པོར་ཆུད་པར་བྱས་ནས་རྡོ་རྗེས་མཚན་པ་རྣམ་པར་བསམས་ཤིང་ཕྱིས་བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ཏེ། གུར་གུམ་དང་། བ་ལང་གི་གི་ཝང་གིས་གྲོ་ག་ལ་ཆོ་ག་བཞིན་དུ་བྲིས་ནས་འཛིན་ན། རྣལ་འབྱོར་པ་དེའི་རྟག་ཏུ་བསྲུང་བར་འགྱུར་རོ། །​པདྨ་འདབ་མ་ཉི་ཤུ་རྩ་བཞི་པར་གྱུར་པ་ཀུན་ཏུ་རི་མོ་གསུམ་བར། ཨོྃ་ཧྲཱིཾཿཀླཱིཾཿ། འདིས་ཆོ་ག་བཞིན་དུ་སྐར་མ་རྒྱལ་ལ་བྲིས་ཏེ། ལག་པས་འཛིན་པས་དེས་རེག་ན་བྲན་བཞིན་དུ་བྱེད་དེ། འཁོར་ལོ་རྫ་རྔའི་དབྱིབས་སུ་གྱུར་པ་རྡོ་རྗེ་དང་པདྨས་མཚན་པ། སྐུ་རྡོ་རྗེ་ལ་སོགས་པ་མདོར་བསྡུས་ནས་ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་ཏེ། ལས་ཀྱི་རྡོ་རྗེ་རབ་ཏུ་བསྒོམས་པས་དགྲ་ཐམས་ཅད་ངེས་པར་གནོན་ཅིང་། ལས་ཀྱི་ཆོ་ག་མཐོང་བས་སྔགས་ཀྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །​དེའི་སྔགས་བཀའ་སྩལ་པ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9121#UT22084-079-008-9121