འཁོར་ལོ་ནི་དེ་ཉིད་དེ། འོན་ཀྱང་ཧཱུྃ་དང་ཕཊ་ནང་དུ་ཆུད་པར་བྱའོ། །​དུག་དང་། ཁྲག་དང་། སྐེ་ཚེ་ལྷན་ཅིག་ཏུ་མིའི་རུས་པས་ཐོད་པ་ལ་བྲིས་ཏེ་དུར་ཁྲོད་དུ་གཞག་ན་འཆི་བར་འགྱུར་རོ། །​དེ་ཉིད་ཡིན་མོད་ཀྱི་ཨོྃ་ནང་དུ་ཆུད་པར་བྱས་ནས་གུར་གུམ་གྱིས་གྲོ་ག་ལ་བྲིས་ཏེ་མེ་ཏོག་སེར་པོས་མཆོད་པར་བྱའོ། །​ཡང་ན་མཆོད་པ་ལྔ་དང་ལྷན་ཅིག་པས་ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །​དེ་ཉིད་ཀྱི་ཡི་གེ་དང་སྭཱ་ཧཱ་ནང་དུ་ཆུད་པར་བྱས་ནས་བསྲུང་བར་འགྱུར་རོ། །​སྔགས་ཀྱི་ཡི་གེའི་རིག་པ་བཅུ་པོ་དེ་ཉིད་ཨ་ནང་དུ་ཆུད་པར་བྱས་ནས། ཙནྡན་དཀར་པོས་མིང་བྲིས་ཏེ། ཁམ་ཕོར་ལ་མེ་ཏོག་དཀར་པོ་དྲི་བཟང་པོས་ཇི་ལྟར་ནུས་པས་མཆོད་ཅིང་མཆོད་ནས་ཐུན་གསུམ་དུ་ཆོ་ག་བཞིན་དུ་བརྒྱ་རྩ་བརྒྱད་བཟླས་ན་ཉི་མ་བདུན་གྱིས་ཞི་བར་འགྱུར་རོ། །​ཨེའི་དབུས་སུ་ཨཱ་ཆེ་གེ་མོ་ཞེས་བྲི་བར་བྱ་ཞིང་། །​དེའི་སྟེང་དང་། ངོས་དག་དང་། འོག་ཏུ་ཧཱུྃ་དང་། མཚམས་སུ་བྃ་དང་། ཕྱི་རོལ་དུ་རི་མོ་གསུམ་བསྐོར་ནས་བ་ལང་གི་གི་ཝང་གིས་གྲོ་ག་ལ་བྲིས་ཏེ་མར་དང་སྦྲང་རྩིའི་ནང་དུ་གཞག་པར་བྱས་ན་ཉི་མ་བདུན་གྱིས་དབང་དུ་བྱེད་དོ། །​འདབ་མ་བཞི་ལ་ཧྲཱིཿདང་ལྡན་ཞིང་དབུས་སུ་ཧྲཱིཿལྷ་སྦྱིན་ཞེས་བྱ་བ་དང་། ཕྱི་རོལ་དུ་དེ་ནས་ཧཱུྃ་བཞི་བྲི་བར་བྱ་སྟེ། ཙནྡན་དམར་པོས་ཁམ་ཕོར་སོ་མ་བཏང་བ་ལ་མིང་བྲིས་ན་ཁྲོས་པ་ཞི་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །​གུར་གུམ་དང་། བ་ལང་གི་གི་ཝང་ངམ། ཡང་ན་ཨ་ལ་ཀ་ཏའི་ཁུ་བས་གྲོག་ལ་འཁོར་ལོ་བྲིས་ནས་གཅིག་འཛིན་པར་བྱེད་ཅིང་འཁོར་ལོ་གཞན་མར་དང་སྦྲང་རྩིའི་ནང་དུ་བཅུག་སྟེ། །​གང་ལ་ཁ་བལྟས་པ་དེ་སྡུག་པར་འགྱུར་རོ། །​ཐ་དད་པའི་སྔགས་ནི། ཨོཾ་སརྦྦ་མོ་ཧ་ནི་ཏ་རེ་ཏུཏྟ་རེ་ཏུ་རེ་སརྦ་དུཥྚཱ་ནཱྃ་མོ་ཧ་ཡ་མོ་ཧ་ཡ་བྷ་ག་ཝ་ཏི་སརྦྦ་དུཥྚཱ་ནཱྃ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གོས་ཀྱི་མཐའ་མ་ལ་མདུད་པ་བྱས་ནས་ལམ་དུ་འགྲོ་བ་ན་ཆོམ་རྐུན་གྱིས་མི་ཚུགས་སོ། །​ཨུཏྤ་ལ་ལ་ལན་བདུན་དུ་མངོན་པར་བསྔགས་པ་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །​ཨུཏྤལ་ལས་མཚན་པའི་འཁོར་ལོའོ། །​པདྨ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9116#UT22084-079-008-9116