གསེར་གྱི་དངོས་པོར་བྱེད་པར་འགྱུར། །​དེ་ནས་འབྲུ་མར་གྱི་ཆོ་ག་བཤད་པར་བྱ་སྟེ། པདྨ་ལས་སྐྱེས་པ་དང་། བོ་ལ་ལས་སྐྱེས་པའི་མར་ཁུ་ཉིད་དང་། བཞི་མཉམ་འདི་དག་མཉམ་ཞིང་མཉམ་པར་ལྡན་པ་དང་། ཡུང་བ་དཀར་པོ་མ་ཡིན་པའི་ཚིགས་མ་དང་། བོ་ལའི་ཆུ་དང་བཅས་པ་དང་། གུ་ཌཱུ་ཙིའི་སྙིང་པོ་བླངས་ནས་ཐམས་ཅད་དུ་བ་ལང་གི་འོ་མས་བྱའོ། །​དེ་ནས་ཆ་བཤད་པར་བྱ་སྟེ། ཕྱེ་མ་སྲང་སུམ་ཅུ་རྩ་གཉིས་བླངས་ནས་ཆུ་ཉིས་འགྱུར་དང་། ཇི་སྲིད་ཁམ་ཕོར་བཞི་ཆ་ལུས་པ་དེ་སྲེད་དུ་བསྐོལ་བར་བྱའོ། །​བོ་ལ་གསུམ་དང་། ཇི་ལྟར་རྗེས་སུ་རིམ་པས་ལན་གསུམ་དུ་བསྒྲུབ་པར་བྱའོ། །​འབྲུ་མར་བཞི་འགྱུར་གྱི་འོ་མ་དང་། གུ་ཌཱུ་ཅི་ཏ་དེའི་ཕྱེད་དང་། དེའི་ཕྱེད་ཀྱི་ཚིགས་མར་གྱུར་བ་དང་། གོང་དུ་གསུངས་པའི་རྫས་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཞེན་པས་བཙོ་བར་བྱའོ། །​གལ་ཏེ་འདི་དེའི་ཚེ་འབྲིང་པོ་ལ་ནི་གུ་ཌཱུ་ཙི་ཕྱི་རོལ་དུ་གནས་སོ། །​མགོ་བྱུག་པ་ལ་ནི་དྲག་པོར་གསུངས་ཏེ། བཙོ་བ་གསུམ་ནི་མཆོག་ཏུ་འདོད་དོ། །​སྣར་བླུགས་པ་ལ་ནི་སྲང་བཅུའོ། །​བཏུང་བ་ལ་ནི་སྲང་བརྒྱར་གསུངས་སོ། །​བྱུག་པ་ལ་ནི་རྣལ་འབྱོར་པ་ཤིན་ཏུ་མཉམ་པར་བཞག་པས་བརྒྱ་རྩ་བརྒྱད་དུ་བྱའོ། །​སྣར་བླུགས་པས་ནི་ལོ་སྟོང་ཐུབ་པར་འགྱུར་རོ། །​བཏུང་བ་ལ་ནི་དེ་བཞིན་དུ་ལྔ་བརྒྱའོ། །​མགོ་བོ་བྱུག་པ་ལ་ནི་སུམ་བརྒྱའོ། །​ངའི་ཚིག་ལ་ཐེ་ཚོམ་མེད་དེ་ལྷའི་གཟུགས་སུ་འགྱུར་བ་དང་། དབྱངས་སྙན་པར་འགྱུར་བ་དང་། རྟག་ཏུ་སྡུག་པར་འགྱུར་ཞིང་བསྟན་བཅོས་ཐམས་ཅད་རྒྱས་པར་ཤེས་ཤིང་ལུས་གསལ་ཞིང་གཟི་བརྗིད་ཆེ་བ་དང་། བགེགས་ཐམས་ཅད་འཇོམས་པར་བྱེད་དོ། །​བཞི་མཉམ་བླངས་ནས་བསྐམ་པར་བྱས་ནས་འོ་མ་དང་ལན་མང་དུ་བཏགས་པར་བྱའོ། །​བ་གླང་གི་ལྕི་བའི་མེས་མི་སྣང་བར་བསྲེགས་ནས་འབྲུ་མར་བླངས་ཏེ་འབྲུ་མར་ནག་པོ་གཉིས་དང་། མར་ཁུ་བཅུ་གཉིས་དང་། འབྲུ་མར་གྱི་ཉིས་འགྱུར་གྱི་འོ་མ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཆོ་ག་བཞིན་དུ་བྱས་པས་རྣལ་འབྱོར་པས་བཙོ་བར་བྱའོ། །​གསེར་བཞི་དང་། འབྲས་བུ་གསུམ་དང་། ནྲྀ་བ་དང་། ཙི་ཏི་དང་། ཏ་ལ་དང་། འདི་རྣམས་ཀྱིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9103#UT22084-079-008-9103