གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་ན་དེ་ལྟ་ན་ནི་གཟུགས་ལ་སོགས་པ་ལ་མ་བརྟགས་སམ། མ་བཤད་དམ་ཞེས་ལྷའི་བུ་རྣམས་ཀྱིས་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བརྟགས་པ་མེད་པ་དང་། བཤད་པ་མེད་པ་ཉིད་དུ་བསྟན་ཏོ། །​བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་བཤད་པ་འདི་ལའོ། །​གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱ་སྙམ་མོ་ཞེས་བྱ་བ་ནི། གལ་ཏེ་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན། འཆད་པ་པོ་དང་ཉན་པ་པོ་མེད་པས། ཆོས་ཉན་པ་ཡང་མེད་པར་འགྱུར་རོ་ཞེས་སྟོན་ཏོ། །​དེ་ན་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུར་འདོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་འཆད་པ་པོ་དང་། ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏོ། །​བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ་ཞེས་བྱ་བ་ལ། གཏིང་དཔག་དཀའ་བས་ན་ཟབ་པའོ། །​རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་མཐོང་བར་དཀའ་བའོ། །​ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའོ། །​ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །​སྡུག་བསྔལ་ཐམས་ཅད་ཀྱི་བར་དག་ཉེ་བར་ཞི་བའི་ཕྱིར་གྱ་ནོམ་པའོ། །​རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཕྲ་བའོ། །​སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་གཞན་མ་ཡིན་པའོ། །​བསམ་པའི་ལམ་ལས་འདས་པའི་ཕྱིར། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། །​ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་པའི་ཕྱིར་མཁས་པའོ། །​འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱི་མཆོག་ཡིན་པས་ཤིན་ཏུ་འཕགས་པའོ། །​ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། ཕྱིར་མི་ལྡོག་པ་རྣམས་ཉིད་ཀྱིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་མཁས་པ་དང་མཛངས་པས་རིག་པར་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808/UT23703-093-001-22021#UT23703-093-001-22021