ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །​སུ་ནི་ཉམ་ཐག་པར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །​རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །​དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །​གདུལ་བར་བྱ་བའི་སྲས་རྣམས་ལ། །​སངས་རྒྱས་དུས་ལས་ཡོལ་བ་མེད། །​དེ་ནས་བཅོམ་ལྡན་འདས་ཀྱིས་གཟིགས་ན། འཕྱེ་བོ་དེ་དང་མི་རྒོད་ལྔ་བརྒྱ་པོ་དེ་རྣམས་གདུལ་བའི་དུས་ལ་བབ་པར་ཐུགས་སུ་ཆུད་ནས། ལྷའི་སྐུ་གཟུགས་དེ་ཉིད་ལས་ལྷའི་ཆ་ལུགས་སུ་བཞུགས་སོ། །​དེ་ནས་མི་རྒོད་ལྔ་བརྒྱ་འདི་སྙམ་དུ་སེམས་ཏེ། ལྷས་བདག་ཅག་ལ་རང་གི་སྐུ་བསྟན་ཏོ་སྙམ་སྟེ། སྤུ་ཟིང་ཞེས་བྱས་ནས། ཐལ་མོ་སྦྱར་ཏེ་འཁོད་ནས་འདི་སྐད་ཅེས་སྨྲས་སོ། །​བཅོམ་ལྡན་འདས་བཀའ་ཅི་སྩལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་མིས་མཆོད་མི་དགོས་ཀྱིས་མིའི་མཆོད་པ་འདི་ཐོང་ཤིག །​གལ་ཏེ་ཁྱེད་ཆོས་འདོད་ན་ནི་མཆོད་པ་གསོལ་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340/UT22084-073-001-6163#UT22084-073-001-6163