སེམས་ཅན་སྟོང་ཕྲག་དུ་མ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཀོད་དོ། །​སྐྱེ་བོ་མང་པོ་དེ་དག་ཀྱང་སྡེ་ཚན་ནས་སྡེ་ཚན་དང་། ཕ་ཚན་ནས་ཕ་ཚན་དང་། དགའ་སྡེ་ནས་དགའ་སྡེར་དུས་དུས་སུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་བར་བྱེད་དོ། །​ཕྱིན་ཅད་ཁྱེའུ་དེ་བལྟ་བའི་ཕྱིར་འདོང་བར་མི་བྱེད་དོ། །​དེ་ནས་ཕྱི་ཞིག་ན་ཁྱེའུ་བལྟ་ན་སྡུག་གིས་དྲིས་པ། སྔོན་ཅད་ནི་སྐྱེ་བོ་མང་པོ་འདི་དག་ང་བལྟ་བའི་ཕྱིར་འོང་ན། ད་ནི་ང་བལྟ་བའི་ཕྱིར་མི་འོང་བ་ཅི་ལས་གྱུར། དེ་དག་གིས་སྨྲས་པ། དེ་དག་ནི་ད་ལྟར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་བར་བྱེད་དོ། །​ཁྱེའུས་སྨྲས་པ། བཅོམ་ལྡན་འདས་ཞེས་བྱ་བ་དེ་ལྟ་བུ་སུ་ཞིག །​དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་བཅོམ་ལྡན་འདས་ཀྱི་བསྔགས་པ་རྒྱས་པར་བརྗོད་དོ། །​དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ངོ་མཚར་དུ་གྱུར་ཏེ། བདག་བས་ཆེས་བལྟ་ན་སྡུག་པ་དེ་ཇི་ལྟ་བུ་ཞིག་སྙམ་ནས། ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་དེ་བལྟ་བའི་སླད་དུ་མཆི་བར་འཚལ་ལོ། །​ཕ་མ་གཉིས་ཀྱིས་སྨྲས་པ། བུ་ཐབས་ཅིག་ཏུ་འདོང་ངོ་ཞེས་སྨྲས་ནས། ཕ་མ་གཉིས་ཀྱིས་ཁྱེའུ་དེ་ཁྲིད་དེ། འོད་མའི་ཚལ་དུ་སོང་ནས། ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །​མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་མཆོག་ཏུ་དགའ་བ་སྐྱེས་ནས་དེ་ལ་ཕའི་འདུ་ཤེས་ཀྱང་བྱུང་སྟེ། དེས་ཕ་ཕ་ཞེས་སྒྲ་ཕྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕ་ཙམ་དུ་འཛིན་ཅིང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འདུག་གོ། །​དེའི་ཕ་མ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340/UT22084-073-001-6811#UT22084-073-001-6811