འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་གྱུར་ཏོ། །​སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་བྲལ་རྣམས་དང་དགའ་ལྡན་རྣམས་དང་འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང་ཚངས་རིས་རྣམས་དང་ཚངས་པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་རྣམས་དང་འོད་ཆུང་རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་རྣམས་དང་མི་ཆེ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་སྒྲ་སྒྲོགས་སོ། །​ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །​སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །​འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །​འཆི་བདག་སྡེ་ནི་གཞོམ་པར་གྱིས། །​གང་ཞིག་ཆོས་འདུལ་འདི་ཉིད་ལ། །​བག་ཡོད་སྤྱོད་པར་བྱེད་པ་ནི། །​སྐྱེ་བའི་འཁོར་བ་རབ་སྤངས་ནས། །​སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །​ཞེས་རྗོད་པར་བྱེད་དོ། །​དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །​མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །​སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །​དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །​ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340/UT22084-073-001-6249#UT22084-073-001-6249