ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །​མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །​སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །​ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །​ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །​རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །​དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །​མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །​དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །​ཡང་ཚིགས་སུ་བཅད་དེ་གསོལ་པ། །​རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །​སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །​རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །​པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །​བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །​དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །​ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །​བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །​རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །​གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །​དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །​འབྲུག་སྒྲ་ལྟ་བུའི་གསུང་ལྡན་པ། །​ཁྱུ་མཆོག་ལྟ་བུའི་ལྟ་སྟངས་ཅན། །​མི་མཆོག་མཆོད་པ་བགྱིད་པ་ཡི། །​འབྲས་བུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340/UT22084-073-001-6172#UT22084-073-001-6172