སེམས་པ། འཆགས་པ། ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ། ཕྱིན་ཅད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ་སྤོང་ཞིང་གཏོང་བ། ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་སྐྱོད་པ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་དགྲ་བཞིན་ནོ། །​ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་ཡང་ཡི་རངས་བཞིན་དུ་མ་བྱིན། དགའ་ཞིང་བདེ་བ་ཡིད་དུ་མ་བྱས། བྱིན་ནས་ཕྱིས་འགྱོད་པར་སེམས་པ། གང་ཟག་དེ་ལྟ་བུ་མིར་སྐྱེས་ན་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ་ནོར་མང་པོ་དང་། སྤྱོད་པ་མང་པོ་དང་། མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག་པ་མང་དུ་བདོག་པ་དང་། མཛོད་དང་བང་བ་ཀུན་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་ལྡན་པ་དེ་ལྟ་བུ་ནི་སྐྱིད་པ་ཀུན་སྤྱོད་དེ་ཕྱིས་དམས་པ་དང་། ཟད་པར་འགྱུར་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་བཙན་ཕྱུག་ཅིང་བདེ་ཡང་ཕྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུར་རོ། །​ཇི་ལྟར་གང་ཟག་ལས་འདུས་པས་སྔར་མི་བདེ་བ་ལ་ཕྱིས་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ། སྦྱིན་པ་སྔར་མ་དད་པར་བྱིན་ནས་དད་ཅིང་རངས་པའི་སེམས་ཕྱིས་སྐྱེས་པའི་གང་ཟག་དེ་ནི་མིར་སྐྱེས་ན་ཡང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པ་ཉུང་བ། ཉོན་མོངས་ཤིང་ཟས་དང་གོས་མེད་པ་ལས་ཕྱིས་བཙན་ཕྱུག་ཅིང་སྐྱིད་པར་གྱུར་ཏེ། ཅིའང་འཕེལ་ཏེ། ཅིས་ཀྱང་མི་བྲེལ་བར་འགྱུར་བ་འདི་ལྟ་བུའི་གང་ཟག་ནི་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ། །​ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས་སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་པ་ཡང་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས་བུ་ནི་མིར་སྐྱེས་ན་ཡང་ཕྱུག་པའི་རིགས་སུ་སྐྱེས་ཏེ། ནོར་མང་པོ་སྤྱོད་པ་དང་། མང་པོའི་ཇོ་བོར་གྱུར་ནས་བློན་པོ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh339/UT22084-072-039-673#UT22084-072-039-673