མཛད་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​སྐྱོབ་པ་གང་ཞིག་བྱམས་པ་ཡིས། །​ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །​བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​གང་ཞིག་འཁོར་བར་འཁོར་བ་ཡི། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །​གླིང་དང་དཔུང་གཉེན་གྱུར་པ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །​གཙང་ཞིང་སླུ་བ་མི་མངའ་ལ། །​གསུང་གཙང་གཙང་མར་མཛད་པ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​དཔའ་བོ་ཆེན་པོ་གང་སྐྱེས་པས། །​ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །​དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​གང་ཞིག་སྐྱེས་པས་ས་རྣམས་ནི། །​ནགས་ཚལ་བཅས་པར་རབ་གཡོས་ཤིང་། །​སེམས་ཅན་ཐམས་ཅད་རབ་དགའ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​བྱང་ཆུབ་སྙིང་པོར་གང་ཞིག་གིས། །​ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །​བདུད་ཡིད་མི་བདེར་གྱུར་པ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །​འཕགས་པའི་བདེན་པ་རྣམ་གསུངས་པ། །​ཐུབ་པའི་སྙན་པ་གང་བྱུང་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །​ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །​ཚོགས་ཀུན་དབང་དུ་མཛད་པ་དེ། །​ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །​སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །​འབྱུང་པོ་ཀུན་གྱིས་བདེ་ལེགས་ནི། །​ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །​སངས་རྒྱས་བསོད་ནམས་མཐུ་དག་དང་། །​ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །​ཁྱེད་རྣམས་དོན་འདོད་གང་ཡིན་པ། །​དོན་དེ་དེ་རིང་གྲུབ་གྱུར་ཅིག །​རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །​རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །​ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །​ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །​ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །​ཉི་མའི་གུང་ལའང་བདེ་ལེགས་ཤིང་། །​ཁྱེད་ཅག་ཀུན་ཏུ་བདེ་ལེགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh312/UT22084-072-012-236#UT22084-072-012-236