སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །​དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །​དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་། བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།བར་སྡོམ་ནི། །​སྨྱོན་པ་དང་ནི་སྒྱུ་མ་དང་། །​ར་རོ་བ་དང་སྒྲ་བརྙན་དང་། །​གཤེད་མ་དང་ནི་མེ་ལོང་དང་། །​ཟས་སྦྱིན་པ་དང་སྨིག་རྒྱུ་དང་། །​རྐུན་པོས་གཙེས་པ་གྲོང་ནས་དང་། །​རྨི་ལམ་དགའ་སྤྱོད་ཟ་མ་ཏོག །​ནོར་བུ་དཔུང་རྒྱན་རྣམ་དག་ནི། །​སྒྱུ་མའི་དྲ་བ་ཀུན་བསྡུས་པའོ། །​མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh288/UT22084-071-002-269#UT22084-071-002-269