དེ་དག་ཀུན་ནས་རྒྱ་ཆེ་བ་དེ་རྣམས་ཀྱི་ནང་ན་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །​དེ་ནས་ཚལ་འཕྱང་བའི་ནང་དེ་ན་སེམས་ངོ་མཚར་དུ་དགའ་བའི་ལྷ་དེ་རྣམས་ལྕང་ལོ་འཕྲུགས་པ་དེ་དག་རྩེ་བའི་དོན་དུ་སྤྱང་བར་བྱེད་དོ། །​སྤྱངས་པ་དག་ལ་རྩེ་བ་ན་ལྕང་ལོ་འཕྲུགས་པ་ལ་ལྟ་བས་ཆོག་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ད་ནི་ལྕང་ལོ་འཕྲུགས་པ་དག་ལས་རྒུན་ཆང་ཡོན་ཏན་ཐམས་ཅད་དང་ལྡན་པ་འབྱུང་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་མ་ཐག་ཉིད་དུ་ལྕང་ལོ་འཕྲུགས་པ་དེ་དག་ལས་ལྷ་དེ་རྣམས་ཀྱི་རྒུན་ཆང་བྱུང་ངོ་། །དེ་དག་ཀྱང་ལྷ་དེ་རྣམས་ཀྱིས་སྔོན་མ་མཐོང་བ་ཡིན་ཏེ། སྔོན་མ་བྱུང་བའི་བཏུང་བ་མདོག་དང་དྲི་དང་རོ་དང་རེག་པ་བྱུང་བར་གྱུར་པ་དག་ལ་དེ་རྣམས་ངོ་མཚར་ཆེར་སྐྱེས་ཤིང་མིག་དང་བཞིན་འཛུམ་ལ་ཡིད་བརྒྱ་འགྱུར་དུ་རབ་ཏུ་དགའ་བ་སྐྱེས་སོ། །​རྒུན་ཆང་ངོ་མཚར་ཆེ་བ་མདོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ། ཤིང་ལོ་འཕྲུགས་པ་རྣམས་ལས་བྱུང་བ་དེ་དག་འཐུངས་ནས་བདག་ཅག་བཅུ་འགྱུར་དུ་རབ་ཏུ་དགའ་བར་བྱའོ་སྙམ་མོ། །​དེ་ནས་ལྷ་དེ་རྣམས་བཻ་ཌཱུརྱའི་སྣོད་ཐོགས་ཏེ་རྒུན་ཆང་དེ་དག་བཅུས་ནས། རྒུན་ཆང་འདི་ཅི་བདེར་གསོལ་ཅིག་ཅེས་ཕན་ཚུན་འབྲིམ་པར་བྱེད་དོ། །དེ་ལྟར་དེ་རྣམས་འཐུང་བ་ནི་གང་གིས་ཇི་སྲིད་དུ་སྦྱིན་པ་བྱིན་ནམ། ཚུལ་ཁྲིམས་བསྲུངས་པ་དེ་ནི་དེ་སྲིད་དུ་ཆང་དེ་མདོག་དང་དྲི་དང་རོ་དང་ལྡན་པའི་ཡོན་ཏན་ཁྱད་པར་ཆེ་བར་འབྱུང་ངོ་། །​དེ་ནས་ཆང་དེ་ལྷག་པར་ཞིམ་པར་རིག་ནས། དེ་ན་ལྷ་སྦྱིན་པ་དང་ཚུལ་ཁྲིམས་ཆུང་ངུ་དང་ལྡན་པ་གང་ཡིན་པ་དེའི་ཆང་དེ་དག་མི་ཞིམ་པར་ཤེས་ནས་ཤིན་ཏུ་ངོ་ཚ་བ་སྐྱེས་སོ། །​ཤིན་ཏུ་ངོ་ཚ་བར་རིག་ནས་བྱ་ལོ་མ་དང་རྒུན་ཆང་གི་ནང་ན་སྤྱོད་པ་ཞེས་བྱ་བ་གང་ཤིང་ལྗོན་པ་དེ་རྣམས་ཀྱི་ལོ་མའི་ནང་དུ་སོང་སྟེ། རྒུན་ཆང་རྟག་ཏུ་འཐུང་བ་དག་གིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཆང་འཐུང་རྒྱགས་པས་མྱོས་པ་ཡི། །​སེམས་ཅན་གཏི་མུག་དབང་གྱུར་རྣམས། །​གཏི་མུག་ཞགས་པས་མངོན་སུམ་དུ། །​སྲེད་པའི་རོས་ནི་འཐུང་བར་བྱེད། །​གཏི་མུག་ཞགས་པ་ཆང་ཡིན་ཏེ། །​འཐུངས་ནས་གཤིན་རྗེས་སྐུལ་བར་བྱེད། །​མཐོ་རིས་ནས་ནི་དམྱལ་བར་ལྟུང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-100957#UT22084-068-021-100957