རྣམ་པ་སྣ་ཚོགས་སུ་རྩེ་བ་དང་། ཁ་ཟས་དང་། གནས་ཁང་ལ་རབ་ཏུ་ཆགས་པ་དང་། ཙན་དན་དང་། ལྷའི་མེ་ཏོག་ཕྲེང་དང་། ཕྱེ་མ་དང་། བྱུག་པ་དང་། མེ་ཏོག་མན་དཱ་ར་བ་དང་། ལྷའི་རོལ་མོ་དང་། ལྷའི་གླུ་དབྱངས་ལ་སེམས་རབ་ཏུ་ཆགས་ཤིང་། དམ་པའི་ཆོས་ལ་ཁ་ཕྱིར་ཕྱོགས་པའི་ལྷ་རྣམས་ཀྱི་འཁོར་བ་ནི་རིང་ངོ་སྙམ་མོ། །​ཡི་དགས་རྣམས་ཀྱི་འཁོར་བ་ཡང་རིང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དེ། ཉེས་པར་བྱས་པའི་ལས་ཀྱིས་འགྲོ་བ་བཀྲེས་པ་དང་། སྐོམ་པ་དང་། དུབ་པ་དང་། ཉམ་ཆུང་བ་དང་། མེའི་ཆར་རབ་ཏུ་འབབ་པ་དང་། མིད་པ་ཁབ་ཙམ་ལ་ལྟོ་རི་ཙམ་པ་དང་། ལྟོ་རྒལ་བ་ལ་ཞར་བ་དང་། ཕྲག་དོག་དང་། སེར་སྣ་སྐྱེས་ཤིང་གཅིག་ལ་གཅིག་མཚོན་གྱིས་འདེབས་པ་དང་། མུན་ནག་ཏུ་འཇུག་ཅིང་གཡང་སར་རབ་ཏུ་ལྟུང་བ་དང་། ཆུ་བོ་དང་། ལྟེང་ཀ་དང་། འབབ་ཆུའི་དངོ་དང་། མཚོར་རྒྱུག་པ་དང་། གཤིན་རྗེའི་མིས་རལ་གྲི་དང་། དབྱིག་པ་དང་། གཞོར་དང་། མདུང་གིས་བཏབ་ཅིང་སྡུག་བསྔལ་བ། སྐྱུགས་པ་དང་། ངར་སྣབས་ཀྱི་ཁ་ཟས་ལོ་འབུམ་ཕྲག་དུ་མར་ཟ་བ། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་མཆི་མ་རབ་ཏུ་འབྱུང་ཞིང་བཟོད་པར་དཀའ་བ། ཡུལ་ངན་བྱུང་ཞིང་གདོང་དང་ལུས་སྐྲས་ཁེབས་པ། ལུས་ལ་སྲིན་བུ་འབུམ་ཞུགས་པ། ལུས་ནད་ཐམས་ཅད་འབྱུང་བའི་གཞིར་གྱུར་ཅིང་ཐེབས་པ། འཁོར་བར་ཡུན་རིང་དུ་ཞུགས་པ། ལྕགས་ཀྱི་བྱ་རོག་མཆུ་འབར་བ་དག་གིས་མིག་ཕྱུང་བ། ལུས་ཤིང་བསྲེགས་པ་འདྲ་ཞིང་ཕ་རོལ་གྱིས་གནོན་པ། གཅིག་ལ་གཅིག་ཟ་བ། དགོན་པ་དཔག་ཚད་བྱེ་བ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ཏུ་ཞུགས་པ། མགོན་མེད་ཅིང་ཟས་དང་། སྐོམ་གྱི་མེས་ལུས་བསྲེགས་པ། མུན་ནག་ཏུ་ཞུགས་པའི་ཡི་དགས་དག་ནི་དམ་པའི་ཆོས་མཉན་པ་ལ་ཁ་ཕྱིར་ཕྱོགས་པ་ཡིན་ཏེ། ལོག་པར་ལྟ་བས་བསླུས་པ་རྣམས་ཀྱི་འཁོར་བ་ནི་རིང་ངོ་སྙམ་དུ་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །​གཅིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-100112#UT22084-068-021-100112