བསྒོ་བ་ལས། དེ་ཡང་སྡོམ་པའི་འཇིགས་པས་སྐྲག་ནས་མ་བྱིན་པར་ལེན་པ་མི་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དགའ་བའི་ཚལ་དུ་སྐྱེ་བར་འགྱུར་རོ། །​ལས་གཞན་གྱིས་ཀྱང་འགྱུར་ཏེ། ཆོས་འཆད་པ་ཡང་ཆོས་ཉན་པ་པོ་རྣམས་དགའ་བར་བྱ་བའི་ཕྱིར་ཚེས་གྲངས་དང་། ཡུལ་དང་། དུས་དང་ལྡན་པར་བྱས་ལ་དེ་དག་ཀྱང་དགའ་བར་བྱས་ཏེ། དེ་དག་ཡིད་རབ་ཏུ་དགའ་བ་སེམས་རྩེ་གཅིག་གིས་ཆོས་ཉན་ན། དམ་པའི་ཆོས་འཆད་པའི་སློབ་དཔོན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དགའ་བའི་ཚལ་དུ་སྐྱེ་བར་འགྱུར་རོ། །​སྦྱིན་པ་ཐམས་ཅད་ཀྱི་ནང་ན་སྦྱིན་པའི་མཆོག་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །​རྒྱུ་འདིས་ཀྱང་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་དགའ་བའི་ཚལ་དུ་སྐྱེ་བར་འགྱུར་རོ། །​དེར་སྐྱེས་ནས་ཀྱང་དེ་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དཔེ་མེད་པ་བརྒྱ་ཕྲག་སྟོང་དུ་མ་མྱོང་བ་ན། འདི་ལྟར་གང་དུ་ཚལ་དེའི་ཕྱོགས་ཀྱི་ཆ་ནི་འདི་ཡིན་ཏེ། དཔག་ཚད་སུམ་སྟོང་ཡོད་ལ་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ཏེ། དེར་ལྷ་རྣམས་རྟག་ཏུ་དགའ་བར་བྱེད་ཅིང་། གཞན་གར་ཡང་མི་འགྲོ་སྟེ། དེ་བས་ན་ལྷན་ཅིག་སྐྱེས་པའི་ཡོན་ཏན་གྱིས་དེ་དགའ་བའི་ཚལ་ཞེས་བྱའོ། །​དེ་ན་ཤིང་ལྗོན་པ་ཐམས་ཅད་འདོད་པ་དག་གང་ལྷ་རྣམས་ཀྱི་ཡིད་ཀྱིས་ཡང་དག་པར་སེམས་པར་བྱེད་པ་དེ་དག་ཉིད་ལྷ་དེ་རྣམས་ཀྱིས་ཤིང་ལྗོན་པ་ལས་འཐོན་པར་འགྱུར་ཏེ། འདི་ལྟར་ལྷ་རྣམས་ཀྱི་ཡིད་ལ་བདག་ཁྱིམ་ཞིག་འདོད་དོ་སྙམ་ན། དེ་ནས་དེ་ལྟར་ལྷ་དེས་ཡིད་ལ་བྱས་མ་ཐག་ཏུ། ཤིང་ལྗོན་པ་དེའི་ཡལ་གའི་རྩེ་མོ་ལས་འབྱུང་བར་འགྱུར་ཏེ། ཤིང་ལྗོན་པ་དེའི་ཁང་བཟངས་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཉེ་བར་མཛེས་པར་བྱས་པ། ཀ་བ་སྟོང་ཡོད་པའི་ཁང་བཟངས་མཐོང་བར་འགྱུར་རོ། །​ཁང་པ་དེའི་ཀ་བ་སོ་སོར་དེའི་ཕྱོགས་ཕྱོགས་བཻ་ཌཱུརྱ་ལས་བྱས་ཤིང་། ལ་ལ་གསེར་ལས་བྱས། ལ་ལ་ཤེལ་ལས་བྱས། ལ་ལ་ཀེ་ཀེ་རུ་ལས་བྱས། ལ་ལ་སྤུག་ལས་བྱས་པ་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-100787#UT22084-068-021-100787