དངོས་པོའི་ལྷ་རྣམས་ཀྱི་ལུས་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ། པད་མ་གཅིག་ཉིད་ལ་ལྷ་ལྔ་བརྒྱ་གནས་པར་གྱུར་ན་ཡང་ཕན་ཚུན་ལུས་ཀུན་དུ་ཐུག་པར་འགྱུར་བ་དང་། གཟེར་ཟུག་ཀྱང་འབྱུང་བར་མི་འགྱུར་བ་དེ་སྲིད་དུ་ལུས་རྣམས་ཤིན་ཏུ་ཕྲ་བར་གྱུར་པ་ཡིན་ཏེ། གང་གི་ཕྱིར་ལྷ་རྣམས་ཀྱི་ལྷ་རྫས་ཀྱི་གཟི་བརྗིད་ཡིན་པའི་ཕྱིར་རོ། །​དཔེར་ན་ཁང་པ་གཅིག་གི་ནང་དུ་མར་མེ་ལྔ་བརྒྱ་ལེགས་པར་སྦར་བར་གྱུར་ཀྱང་། འོན་ཀྱང་མར་མེའི་འོད་རྣམས་ཕན་ཚུན་དུ་ཟུག་གཟེར་དུ་གྱུར་པ་ནི་མེད་པ་ཡིན་ལ། ཀུན་དུ་རེག་པར་འགྱུར་བ་ཡང་མ་ཡིན་ནོ། །​དེ་ལྟར་ལྷ་རྣམས་ཀྱི་གཞལ་ཡས་ཁང་གི་མཆོག་ན་གནས་པ་རྣམས་ལ་ཕན་ཚུན་དུ་གནོད་ཟུག་མེད་པ་ཡིན་ཞིང་ཐུག་པ་ཡང་མེད་པ་ཡིན་ནོ། །​གལ་ཏེ་ཡང་ལྷ་རྣམས་རགས་པའི་ལུས་སྤྲུལ་པར་བྱེད་ན། དེས་དཔག་ཚད་བརྒྱ་ཕྲག་མང་པོ་རྣམས་སུ་གྱུར་པའི་གཟུགས་བྱེད་པ་དང་། བལྟ་ན་སྡུག་པའམ། བལྟ་ན་མི་སྡུག་པའམ། འཇིགས་པར་བྱེད་པའམ། འཇིགས་པར་མི་བྱེད་པ་རྣམས་ཀྱང་བྱེད་པར་འགྱུར་རོ། །​གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལྷ་རྣམས་ཇི་ལྟར་ན་མགྱོགས་པར་འགྲོ་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལྷ་རྣམས་ཀྱང་རེ་ཞིག་མགྱོགས་པར་འགྲོ་བ་ཡིན་ནོ། །​རྫུ་འཕྲུལ་བྱས་པར་གྱུར་ན་གང་དག་མིག་བཙུམས་པ་ཙམ་ལ་ཡང་དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་རྣམས་སུ་འགྲོ་བར་བྱེད་ཅིང་སླར་ཡང་འོང་བར་འགྱུར་བ་ཡིན་ནོ། །​གང་དང་གང་ལ་ལྷ་རྣམས་འགྲོ་བར་འདོད་པར་གྱུར་པ་དེ་དང་དེ་དག་རྣམས་ཉིད་ལ་ཀུན་དུ་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །​ལྷ་རྣམས་འདོད་པ་གང་དང་གང་དག་དོན་དུ་གཉེར་བར་གྱུར་པ་དེ་དག་རྣམས་ཉིད་དེ་བཞིན་དུ་འདིར་ཕུན་སུམ་ཚོགས་པར་འགྱུར་ཏེ། ཐོབ་པ་རྣམས་ནི་གཞན་གྱིས་ཕྲོགས་པར་མི་ནུས་པ་དང་། དབང་དུ་གྱུར་པ་ཡང་ཡིན་ནོ། །​ཐོབ་པར་གྱུར་པའི་རང་གི་དོན་རྣམས་ལ་ཕྱིས་ཡང་འདི་དག་རྣམས་གཞན་དག་འགའ་ཞིག་ལ་འཇིགས་པར་འགྱུར་བ་ཡང་མ་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-101964#UT22084-068-021-101964