ལུན་དྷ་དེའི་སྤྱན་སྔར་དེས་གཏམ་དེ་དག་རྣམས་རྙེད་ནས་ལྷ་དེ་དག་ཕན་ཚུན་དུ་སྐྱོ་བ་དང་བཅས་པ་དང་འཇིགས་པ་དང་ལྡན་པས་འདི་སྐད་ཅེས་སྨྲས་ཏེ། ལྷ་དབང་སྐད་ཅིག་ཁོ་ན་ལ་ཇི་ལྟར་ལྷ་དེ་དག་དང་བྲལ་ཞིང་ཐམས་ཅད་འཆི་འཕོས་ཏེ། ལྷ་དེ་དག་རྣམས་ཐམས་ཅད་ལ་འདིར་ཅི་ཞིག་བྱུང་ནས་མེད་པར་གྱུར་ནས་རྒྱུན་གྱི་གནས་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ཀྱི་ས་འདི་དག་ཐམས་ཅད་ཀུན་ཏུ་སྟོངས་པར་གྱུར། སྡུག་བསྔལ་རྣམས་ལས་འཆི་འཕོ་བ་ཞེས་བྱ་བའི་སྡུག་བསྔལ་རྣམས་ནི་ཆེན་པོ་ཡིན་པས་ཐབས་མ་ཡིན་པར་མི་འགྱུར་བ་གང་ཡིན་པ་དང་། བདག་ཅག་རྣམས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་མི་འགྱུར་བ་དང་། སྡུག་པ་རྣམས་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱིས་ཀྱང་བདག་ཅག་རྣམས་ལ་གནོད་པར་མི་འགྱུར་བ་དང་། དམྱལ་བ་རྣམས་དང་། ཡི་དགས་རྣམས་དང་། དུད་འགྲོ་རྣམས་སུ་ཡང་བདག་ཅག་རྣམས་སྐྱེ་བར་མི་འགྱུར་བ་དེ་སྐལ་བ་ཆེན་པོ་དང་ལྡན་པས་ཉེ་བར་བསྟན་དུ་གསོལ། དེ་ནས་དེའི་ཚེ་ལྷ་རྣམས་ཀྱི་བདག་པོས་ཇི་ལྟ་བ་བཞིན་དུ་ཚིགས་སུ་བཅད་པས་བརྗོད་པ། ཀྱོག་པོའི་ལམ་ལ་སྤྱོད་པ་ཡི། །​མིས་ནི་བཟང་པོ་མཐོང་བ་མིན། །​ཆུ་ནི་བསྲུབས་པར་གྱུར་ན་ཡང་། །​མེ་ནི་ནམ་ཡང་སྲིད་པ་མིན། །​རྒྱུ་མེད་དེ་ལ་འབྲས་བུ་ནི། །​ནམ་ཡང་ཅུང་ཟད་འབྱུང་བ་མིན། །​བག་མེད་ཡོན་ཏན་གྱིས་འགའ་ཞིག །​མཐར་ཐུག་ལེགས་པར་འཇུག་པ་མིན། །​ལྷ་གང་སྐྱེ་བ་བག་མེད་པས། །​ཉེ་བར་འཇོམས་པར་འཇུག་བྱེད་པ། །​དེ་ནི་ལེགས་བྱས་ཟད་ནས་ནི། །​རྨོངས་པ་ལོག་པར་ལྟུང་བར་སྐྱེ། །​དགའ་བར་གྱུར་པའི་འདོད་པ་ལ། །​གང་ཞིག་དེ་ལྟའི་བློ་སྐྱེ་བ། །​ཕྱིས་དེ་སྡུག་བསྔལ་དང་ཕྲད་ནས། །​རྨོངས་པ་སེམས་ནི་གདུང་བར་བྱེད། །​འདོད་པའི་མེ་ཡིས་བསྲེགས་པ་དང་། །​ཡུལ་རྣམས་ཀྱིས་ནི་རྨོངས་པས་ཀྱང་། །​གང་ཞིག་བདེ་རྣམས་བླ་མེད་པ། །​མཐར་ཐུག་བདེ་བར་འགྱུར་བ་མིན། །​འཇིག་རྟེན་འདོད་པས་བདེ་གང་དང་། །​གང་ཡང་སྲེད་བྱུང་བདེ་བས་ནི། །​ནང་གི་བདག་ཉིད་འདི་གཅིག་གི། །​བཅུ་དྲུག་ཆར་ཡང་མི་ཆོག་སྟེ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-101138#UT22084-068-021-101138