རྣམ་པ་ཐམས་ཅད་དུ་རྣམ་པར་བསམས་ན་གང་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་ཆོས་ཆུང་ངུ་ཙམ་ཡང་མི་དམིགས་ཏེ། དེ་ལྕེ་དང་རོའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལོ། །​དེ་སེམས་ཅན་རྒྱ་མཚོ་དེ་དག་ཐམས་ཅད་གང་དུ་ཞུགས་ཤིང་ཆགས་པ། མི་དང་། ལྷ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་འགྲོ་བ་ལྔ་པོ་དག་གཅིག་ལ་གཅིག་གནོད་ཅིང་ཞུགས་ཏེ་འཆིང་ངོ་། །​དེ་ལྕེ་དང་རོའི་སྐྱེ་མཆེད་ལས་རྣམ་པར་གྲོལ་ཞིང་འདོད་ཆགས་དང་བྲལ་ཏེ། ལྕེའི་སྐྱེ་མཆེད་དག་ལ་བདག་མེད་ཅིང་ལྕེ་དང་རོའི་སྐྱེ་མཆེད་དག་ལ་བདག་གི་མེད་དེ། བདག་རྟག་པའམ། བརྟན་པའམ། ཐེར་ཟུག་པ་མེད་ཅིང་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ཏེ། ལྕེ་དང་རོའི་སྐྱེ་མཆེད་ནི་མེད་པ་ཡིན་ནོ་སྙམ་སྟེ། དེ་དེ་ལས་ཀྱང་འདོད་ཆགས་དང་བྲལ་ལོ། །​གཞན་ཡང་དགེ་སློང་དེ་ལུས་དང་། རེག་བྱའི་སྐྱེ་མཆེད་ལ་ལྟ་བར་བྱེད་དེ། དེ་ལུས་ལ་ཡང་བརྟེན། རེག་བྱ་ལ་ཡང་བརྟེན་ནས། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་འབྱུང་སྟེ། ཆོས་འདི་དག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །​ཇི་ལྟར་མིག་གི་དབང་པོའི་སྐྱེ་མཆེད་རྣམས་བཤད་པ་དེ་བཞིན་དུ། ལུས་ཀྱི་རེག་པ་ཡང་ཁོང་དུ་ཆུད་པར་བྱའོ།​། །​།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་ལྔ་པ། དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་དེ་སྐྱེ་མཆེད་གཟུགས་ཅན་བཅུ་བརྟགས་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་དེ་ཁོ་ན་ཉིད་རྟོག་ཅིང་ཆོས་ཀྱི་སྐྱེ་མཆེད་ལ་ལྟ་བར་བྱེད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། ཆོས་གང་ཆོས་ཀྱི་སྐྱེ་མཆེད་དུ་བསྡུས་པ་ནི་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287/UT22084-068-021-100127#UT22084-068-021-100127