དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ། །​འདི་ནི་ཏིང་ངེ་འཛིན་ཡིན་ནོ། །​འདི་ནི་ཤེས་རབ་ཡིན་ནོ། །​དགེ་སློང་དག་ཚུལ་ཁྲིམས་ལ་གོམས་པར་བྱས་ན། ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །​ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །​དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་འདི་ཟད་དོ། །​ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །​བྱ་བ་ནི་བྱས་སོ། །​འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​བསླབ་པ་གསུམ་གྱི་མདོ་རྫོགས་སོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh282/UT22084-068-016-35#UT22084-068-016-35