དེས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དག་ཐམས་ཅད་ལྷན་ཅིག་འཐུན་པར་ཐམས་ཅད་ཚངས་པ་ཆེན་པོའི་ལུས་བྱད་དང་། རྟགས་དང་། མདོག་དང་། དབྱིབས་དང་། སྤྱོད་ལམ་གྱིས་དེང་ཤིག །​དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་མའི་ཤུགས་ཀྱི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ཐམས་ཅད་ཚངས་པ་ཆེན་པོའི་ལུས་བྱད་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་ལུས་དག་མངོན་པར་སྤྲུལ་ནས། དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་དེ་ནས་ཆས་ཏེ་ཡུད་ཙམ་གྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཕྱིན་ཏོ། །​སྐྱེས་བུ་དམ་པ་དེ་དག་ཕྱིན་པ་ཙམ་གྱི་མོད་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་དུ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་ཙམ་པ་ཀའི་ཆར་མངོན་པར་འབེབས་པར་གྱུར་ཏོ། །​དེ་དག་ཡུལ་མ་ག་དྷཱའི་ཞིང་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཉེ་བར་དོང་ངོ་། །​དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​བཅོམ་ལྡན་འདས་ནི་དེའི་བར་དུ་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཐབས་ཅིག་ཆོས་ཀྱིས་གནས་པའི་གཏམ་ཀུན་ཏུ་སྤྱོད་པར་མཛད་དོ། །​དེའི་ཚེ་ལྷོ་ཕྱོགས་ན་གྲོང་ཁྱེར་ཆུ་དང་རྒྱར་དཔག་ཚད་གཅིག་ཡོད་པ་བྱེ་མ་དག་གིས་ཡོངས་སུ་གང་བ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་སྙིགས་མ་ལྔས་སྙིགས་མའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །​འཁོར་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་ཏོ། །​དེས་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་ལྷོ་ཕྱོགས་ཀྱི་ཕྱོགས་ཆ་ནས་བྱང་ཕྱོགས་སུ་འགྲོ་བ་དག་མཐོང་ངོ་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh257/UT22084-066-015-192#UT22084-066-015-192