ལྡན་འདས་དེ་བཞིན་གཤེགས་པ་དུས་མ་ཡིན་པའི་སྤྲིན་དང་ལྕེ་འབབ་པ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ལྟར་ནམ་མཁའ་མཐོང་ནས་བསྒྲགས་པ་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སྒྲ་འབྱིན་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་ཆར་ཆུ་སྐྱེས་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྙོམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རོ་བྲོ་བ་དྲུག་དང་ལྡན་པའི་ཆུ་ཆེན་པོའི་སྤྲིན་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་འཐོར་སྤྲིན་ཆེན་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱ་མཚོ་འགེངས་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་མི་འབབ་པ་ན་སྤྲིན་གྱིས་ཀུན་དུ་འགེབས་པ་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ། འཛམ་བུའི་སྤྲིན་གྱི་དཔལ་གྱི་གཟི་བརྗིད་འོད་མཛད་པ་སྤྲིན་གྱི་འོད་ཟེར་ཅན་རྣམས་ལ་ཕྱག་འཚལ་ལོ། །​ཀླུའི་བདག་པོ་དེ་བཞིན་གཤེགས་པའི་མཚན་འདི་དག་བརྗོད་པས་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་། བདེ་བ་ཐམས་ཅད་དང་ལྡན་པ་དང་། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབབ་པ་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། ལོ་ཐོག་ཐམས་ཅད་སྐྱེད་པར་བྱེད་དོ། །​དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་འཛམ་བུའི་གླིང་འདིར་ཆར་མི་འབབ་པའི་ཚེ་གང་དག་བརྗོད་ན་ཆར་གྱི་རྒྱུན་ཆེན་པོ་འབབ་པར་བགྱིད་པ་དང་། མི་བཟད་པའི་དུས་ཀྱི་ཚེ་དང་། གནོད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh235/UT22084-064-005-497#UT22084-064-005-497