ཆེན་པོ་ཡེ་ཤེས་ཀྱི་རླུང་གི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཟབ་མོའི་བློ་གྲོས་བརྩོན་འགྲུས་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ས་བོན་གྱི་ཆར་འབེབས་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་སའི་ཕྲེང་བ་ཅན་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་དགའ་བར་བྱེད་པའི་རླུང་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་སྣང་བའི་བློ་གྲོས་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་གཡོ་བར་བྱེད་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོ་ཚུལ་གྱིས་རྣམ་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་མཛོད་ཅེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་ཆུའི་སྟོན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་ཆུ་སྲུང་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་ཆུའི་ཀུ་མུ་དའི་ཟླ་བ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོའི་སྙིང་པོའི་གཞི་འཛིན་པ་ཞེས་བྱ་བའི་གཟུངས་དང་། ཕྱིར་མི་ཟློག་པའི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་ཡོད་དེ། སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ཕྱིར་མི་ཟློག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སྟེ། དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རྩིས་མཁན་གྱི་རྒྱལ་པོར་འགྱུར་རོ། །​དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷ་མོ་རིན་པོ་ཆེའི་ཕྲེང་བའི་གཟུངས་ལ་དགའ་བ་ཞེས་བྱ་བ་ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འདུག་སྟེ། བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་ཕབ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །​ཡེ་ཤེས་དཔའ་བོ་ཆེན་པོ་མི་མཉམ་མཉམ། །​དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བའི་སྐུ། །​རིག་པའི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་པ། །​མི་ཡི་པད་མ་ཁྱོད་ལ་ཕྱག་འཚལ་ལོ། །​གཟུངས་སོ་ཅོག་གིས་འབྲུག་གི་སྒྲ་བསྒྲགས་ཏེ། །​དེ་བཞིན་གཤེགས་པས་ཆོས་ཆར་རབ་ཏུ་ཕབ། །​སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ། །​ཆོས་རྣམས་སྣ་ཚོགས་རབ་ཏུ་སྟོན་པ་མཛད། །​གཟུངས་ཀྱི་གླེང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1556#UT22084-064-002-1556