པར་ཡང་འགྱུར་རོ། །​ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །​ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་། ཡིད་གཉིས་མེད་དེ་ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །​མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །​སྔ་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ། །​འཇིག་རྟེན་དང་འཐུན་པར་འཇུག་པའི་ཡུལ་ཤེས་པར་ཡང་འགྱུར་རོ། །​དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་ཅན་ཞེས་བྱ་བ་ལྷའི་བུ་ས་ཡ་དང་། བརྒྱད་འབུམ་དང་ལྷན་ཅིག་ཏུ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མས་བསྒོ་བ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་ཁ་འཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་བཅོམ་ལྡན་སངས་རྒྱས་ནི། །​བསམ་ཡས་དཔག་མེད་དེ་བཞིན་གཤེགས། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​ཆར་ཆེན་རྣམ་པ་སྣ་ཚོགས་འབེབས། །​ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་སྟེ་གཉིས་པའོ།​། །​།འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །​ཤིན་ཏུ་རྒྱས་པ་ལས་ཕྱི་རོལ་པ་འོན་པ་ལྟ་བུར་གྱུར་པ་རྣམས་ཀྱི་ཐེག་པ་ཆེན་པོའི་རྣ་བའི་ཁམས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ཟློག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེའི་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་སྒོའི་གཞི་སུམ་ཅུ་རྩ་དྲུག་སྔར་སྨོས་ཏེ་བཞག་པ་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1554#UT22084-064-002-1554